དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ལྗོངས་ཕྱིར་བསྐྱོད་ནས་གནམ་ས་གསར་པ་ཞིག་གཏོད་ཐུབ་པ།

    —— ཐེམ་ཁུངས་ལྷོ་ཁ་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་ཧུའུ་པེར་ལས་ཞུགས་ཐུབ་པའི་སྐོར་གྱི་ཟུར་བྲིས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-25

    ཧུའུ་པེའི་ཧོང་ཧྲི་གྲོང་ཁྱེར་དེ་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་3000ལྷག་ཙམ་ཡོད་ཅིང་། ལས་ཞུགས་བོད་སྐྱོར་བྱས་པ་བརྒྱུད་ས་གནས་གཉིས་པོ་བར་ཐག་རིང་ཡང་ཕན་ཚུན་འབྲེལ་བ་ཟབ་མོ་ཆགས་ཡོད།

    ལས་ཞུགས་བོད་སྐྱོར་བྱས་པ་བརྒྱུད། གོང་དཀར་རྫོང་གི་མཐོ་སློབ་སློབ་ཐོན་སློབ་མ་པད་མ་ཆོས་སྒྲོན་2021ལོར་ཧུའུ་པེ་པོ་ཏ་སྐྱེ་དངོས་མ་རྐང་ཚད་ཡོད་ཀུང་སིར་ལས་ཞུགས་ཐུབ་ནས“ཧོང་ཧྲི་བ་གསར་པ”ཞིག་ཏུ་གྱུར་ཡོད།

    2020ལོར་པད་མ་ཆོས་སྒྲོན་ཐེན་ཅིན་ཞིང་ལས་སློབ་གླིང་ནས་ཐོན་པ་རེད། ཧུའུ་པེ་ཞིང་ཆེན་གྱིས་ལྷོ་ཁ་གྲོང་ཁྱེར་དུ་ལས་མི་བསྡུ་ཚོགས་གཉེར་རྩིས་ཡོད་པ་ཐོས་མ་ཐག ཁོང་གིས་ཚོད་ལྟ་ཞིག་བྱེད་བསམས་ནས་རང་ཉིད་ཀྱི་ལོ་རྒྱུས་མདོར་བསྡུས་ལས་མི་བསྡུ་ཚོགས་ལ་བསྐྱལ་བ་རེད།

    པད་མ་ཆོས་སྒྲོན་ལྗོངས་ཕྱིར་ལས་ཀ་བྱེད་པར་འགྲོ་ཡི་ཡོད་པ་ཤེས་རྗེས། ཁོང་གི་ཕ་མ་གཉིས་ཀྱིས་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད། འོན་ཀྱང་ཁོང་གིས་ཨུ་ཚུགས་མཐའ་སྐྱེལ་བྱས་པས། མཐར་ཕ་མ་གཉིས་ཀྱི་མོས་མཐུན་ཐོབ་ཡོད། པད་མ་ཆོས་སྒྲོན་གྱི་ཨ་མ་ལྷག་སྒྲོན་གྱིས“ནང་སར་ཕྱིན་ན་ཡག་པོ་ཡོད། ན་སོ་གཞོན་དུས་ཕྱི་ལ་མང་ཙམ་ཕྱིན་ན། མཐོང་རྒྱ་ཆེ་རུ་འགྲོ་ཐུབ”ཅེས་བརྗོད་མྱོང་ཡོད།

    2020ལོའི་ཟླ་11པར་ཧུའུ་པེ་ཞིང་ཆེན་ཧོང་ཧྲི་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་ལྔ་པའི་ལས་དོན་པས་པད་མ་ཆོས་སྒྲོན་སོགས་ཐེམ་ཁུངས་ལྷོ་ཁ་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་35ཁྲིད་དེ་ཧོང་ཧྲི་གྲོང་ཁྱེར་དུ་ལས་ཞུགས་ཀྱི་ལམ་ལ་སྐྱོད་འགོ་ཚུགས།

    དུས་ཚོད་གང་ཙམ་ཞིག་ལས་ཀ་ཉམས་ལེན་བྱས་རྗེས། 2021ལོའི་ཟླ་དང་པོར་པད་མ་ཆོས་སྒྲོན་ཧུའུ་པེའི་པོ་ཏ་སྐྱེ་དངོས་མ་རྐང་ཚད་ཡོད་ཀུང་སིའི་ལས་མི་དངོས་ལ་གྱུར། 2021ལོའི་ཟླ་5པར་ལས་གནས་མང་པོར་སྦྱོང་བརྡར་བྱེད་མྱོང་བའི་པད་མ་ཆོས་སྒྲོན་ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་ཤག་བྱང་ཤང་སྐྱ་བ་གྲོང་ཚོར་མངགས་ནས་དེ་གའི་རྩྭ་ཐང་སྐྱེ་ཁམས་སླར་གསོའི་ལས་དོན་གྱི་འགན་འཁུར་དུ་བཅུག

    “བོད་ལྗོངས་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་ཞིག་ཡིན་པས་གངས་ལྗོངས་ས་མཐོའི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་ཡག་པོ་བྱེད་རྒྱུ་ནི་ཧ་ཅང་གལ་འགངས་ཆེན་པོ་ཞིག་རེད། གལ་སྲིད་ལྗོངས་ཕྱིར་ལས་ཀ་བྱེད་རིང་བསགས་པའི་ཉམས་མྱོང་མེད་ན། ལས་ཀ་སྒྲུབ་ཁག་པོ་ཡོད། ལྗོངས་ཕྱིར་ལས་ཀ་བྱས་ནས་རང་ཉིད་ལ་སྦྱོང་བརྡར་ཆེན་པོ་ཐེབས་པ་མ་ཟད། ད་དུང་ཕ་ཡུལ་འཕེལ་རྒྱས་ཆེད་ལེགས་སྐྱེས་འབུལ་བའི་འཇོན་ཐང་དང་གོ་སྐབས་ཀྱང་ཐོབ་བྱུང”ཞེས་བརྗོད།

    ཐེམ་ཁུངས་ལྷོ་ཁ་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་བློ་བདེ་པོའི་ངང་ཧོང་ཧྲི་གྲོང་ཁྱེར་དུ་ལས་ཞུགས་ཐུབ་ཕྱིར། ཧོང་ཧྲི་གྲོང་ཁྱེར་གྱིས་ཐེམ་ཁུངས་ལྷོ་ཁ་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ“ཧོང་ཧྲི་བ་མི་རབས་གསར་པའི”འཕེལ་རྒྱས་འཆར་གཞིའི་ནང་བཅུག་ནས“ལས་གནས་སྤྲོད་པ་དང་། ལས་སྟེགས་གཏོད་པ། རྩལ་ནུས་སློབ་པ། ཞབས་འདེགས་ལེགས་སུ་གཏོང་བ”སོགས་ཀྱི་བྱ་ཐབས་བརྒྱུད་ཐེམ་ཁུངས་ལྷོ་ཁ་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མར་ལས་རིགས་གསོ་སྦྱོང་དང་། ལས་འཚོལ་ཁ་གསབ། སྤྱི་ཚོགས་འགན་བཅོལ། ཁང་གླ་དང་ཁང་པ་ཉོ་བ་སོགས་ཀྱི་ཁ་གསབ་ཁག་10སྤྲད་པ་རེད། ལྷོ་ཁ་གྲོང་ཁྱེར་གྱིས་ཀྱང་རང་སྐྱོང་ལྗོངས་ཀྱི་སྲིད་ཇུས་ཁ་གསབ་ཀྱི་རྨང་གཞིའི་ཐོག་ཐེམ་ཁུངས་ལྷོ་ཁ་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་ལྗོངས་ཕྱིར་ལས་ཞུགས་དང་། འཚོ་བ། སྡོད་ཁང་། འགྲིམ་འགྲུལ། གཞིས་ཆགས་པ་སོགས་ཀྱི་ཐད་ཁ་གསབ་རབ་དང་རིམ་པ་སྤྲད་པ་རེད།

    དེ་དང་ཆབས་ཅིག་ཧོང་ཧྲི་གྲོང་ཁྱེར་གྱིས་ཚི་ཧུའུ་མཚེའུ་ཀུན་གཏོད་བར་མཐོངས་ལ་སྨི་ངོས་གྲུ་400ཟིན་པའི་ས་ཆ་སྤྲད་དེ་ཆེད་སྒྲུབ་ཚོགས་ཆུང་བཙུགས་ནས་ཐེམ་ཁུངས་ལྷོ་ཁ་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མར་ལས་ཞུགས་ཐད་ཞབས་འདེགས་ཞུ་གི་ཡོད། ལྷོ་ཁ་གྲོང་ཁྱེར་གྱིས་ཧུའུ་པེ་ཞིང་ཆེན་དུ་བཅའ་སྡོད་ལྷོ་ཁ་གྲོང་ཁྱེར་གྱི་ལས་ཞུགས་བོད་སྐྱོར་དོན་གཅོད་ཁང་དང་ཧུའུ་པེ་ཞིང་ཆེན་དུ་བཅའ་སྡོད་ལྷོ་ཁ་གྲོང་ཁྱེར་གྱི་ལས་ཞུགས་བོད་སྐྱོར་གྱི་གནས་སྐབས་ཏང་ཀྲི་པུའུ་བཙུགས་ནས“ཏང་འཛུགས་སྐྱོང་དང་། གུང་གཞོན་སྡེ་ཚོགས་འཛུགས་སྐྱོང་། ཆེད་སྒྲུབ་ཚོགས་ཆུང་འཛུགས་སྐྱོང”བཅས་ཟུང་དུ་འབྲེལ་བའི་བྱ་ཐབས་ལ་བརྟེན་ནས་ཐེམ་ཁུངས་ལྷོ་ཁ་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མས་ཡུལ་དེ་རང་དང་མཉམ་འདྲེས་ཀྱིས་ཡུལ་དེར་ལས་ཀ་ཧུར་ཐག་བྱེད་པར་རོགས་རམ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།