བོད་ཀྱི་ས་རྒྱུར་ཡོངས་བཤེར་ཐེངས་གསུམ་པའི་གཤགས་ངོས་ཀྱི་དཔེ་དབྱིབས་འཚོལ་བསྡུ་བྱེད་སའི་ཕྱི་རོལ་བརྟག་དཔྱད་དཔེ་དབྱིབས་འཚོལ་བསྡུའི་ལས་དོན་འགོ་ཚུགས་པ།
ཉིན་ཤས་གོང་རང་སྐྱོང་ལྗོངས་ཀྱི་ས་རྒྱུར་ཡོངས་བཤེར་ཐེངས་གསུམ་པའི་གཤགས་ངོས་ཀྱི་དཔེ་དབྱིབས་འཚོལ་བསྡུ་བྱེད་སའི་ཕྱི་རོལ་གྱི་བརྟག་དཔྱད་དཔེ་དབྱིབས་འཚོལ་བསྡུའི་འགོ་ཚུགས་མཛད་སྒོ་བསམ་གྲུབ་རྩེ་ཆུས་གདོང་དཀར་ཤང་དུ་འཚོགས་པ་རེད། ད་ཐེངས་གཞིས་རྩེ་གྲོང་ཁྱེར་གྱི་ས་རྒྱུའི་གཤགས་ངོས་ཀྱི་ཕྱི་རོལ་བརྟག་དཔྱད་དཔེ་དབྱིབས་འཚོལ་བསྡུའི་ལས་འགན་དེ་ནི་རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་གིས་སྣེ་འཁྲིད་པ་དང་། གཞིས་རྩེ་གྲོང་ཁྱེར་གྱི་རིམ་ཁག་ཞིང་ལས་དང་གྲོང་གསེབ་སྡེ་ཚན་གྱིས་གཞོགས་འདེགས་བྱས་པ། སི་ཁྲོན་ཞིང་ལས་སློབ་ཆེན་ཁོར་ཡུག་སློབ་གླིང་གིས་ལག་ལེན་བསྟར་བ་ཞིག་རེད།
མཛད་སྒོའི་ཐོག་རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་གི་འབྲེལ་ཡོད་འགན་འཁུར་བ་དང་། གཞིས་རྩེ་གྲོང་ཁྱེར་གྱི་འགོ་ཁྲིད། སི་ཁྲོན་ཞིང་ལས་སློབ་ཆེན་གྱི་རིགས་གཅིག་མཁས་ཅན་བཅས་ཀྱིས་གཏམ་བཤད་སྤེལ་བ་དང་། “བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་ཀྱི་ས་རྒྱུར་ཡོངས་བཤེར་ཐེངས་གསུམ་པའི་གཞིས་རྩེ་གྲོང་ཁྱེར་གྱི་ས་རྒྱུའི་གཤགས་ངོས་ཀྱི་ཕྱི་རོལ་བརྟག་དཔྱད་དང་དཔེ་དབྱིབས་འཚོལ་བསྡུའི་ཡན་ལག་རུ་ཁག”ལ་རུ་དར་སྤྲད་པ་རེད། དེ་རྗེས་ཚོགས་ཞུགས་འགོ་ཁྲིད་དང་། ལྗོངས་དང་། གྲོང་ཁྱེར། རྫོང་བཅས་རིམ་པ་ཁག་གི་ཡོངས་བཤེར་ཐེངས་གསུམ་པའི་གཞུང་ལས་ཁང་གི་ལས་དོན་མི་སྣ། འབྲེལ་ཡོད་ལག་རྩལ་མི་སྣ་བཅས་ས་རྒྱུའི་གཤགས་ངོས་ཀྱི་ཕྱི་རོལ་བརྟག་དཔྱད་དང་དཔེ་དབྱིབས་འཚོལ་བསྡུའི་ས་ཚིགས་སུ་བསྐྱོད་དེ་རིགས་གཅིག་མཁས་ཅན་དང་དཔེ་དབྱིབས་འཚོལ་བསྡུ་མཁན་གྱི་འགྲེལ་བཤད་མཛུབ་ཁྲིད་དང་བཀོལ་སྤྱོད་དཔེ་སྟོན་འོག་ལྟ་སྦྱོང་བྱས་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། གཞིས་རྩེ་གྲོང་ཁྱེར་གྱི་ས་རྒྱུར་ཡོངས་བཤེར་ཐེངས་གསུམ་པ་བྱ་ཡུལ་ནི་རྫོང(ཆུས)18ཀྱི་རྨོ་ཞིང་དང་། ལྡུམ་ར། ནགས་ས། རྩྭ་ཐང་སོགས་ཞིང་སྤྱོད་ས་ཞིང་དང་བེད་མེད་ས་ཆ་ཁག་གཅིག་ཡིན་པ་རེད། ལྗོངས་ཡོངས་ཀྱི་ཞིང་ལས་གྲོང་ཁྱེར་ཆེ་གྲས་ཤིག་ཡིན་པའི་གཞིས་རྩེ་གྲོང་ཁྱེར་དུ་ས་རྒྱུའི་གཤགས་ངོས་ཀྱི་དཔེ་དབྱིབས་འཚོལ་བསྡུ་བྱ་ཡུལ་647ཡོད་པ་དེས་ལྗོངས་ཡོངས་ཀྱི་གཤགས་ངོས་ཀྱི་དཔེ་དབྱིབས་འཚོལ་བསྡུ་བྱེད་ས་ཚང་མའི་35%བཟུང་གི་ཡོད། གཞིས་རྩེ་གྲོང་ཁྱེར་གྱི་གཤགས་ངོས་ཀྱི་དཔེ་དབྱིབས་འཚོལ་བསྡུའི་ཕྱི་རོལ་བརྟག་དཔྱད་དང་དཔེ་དབྱིབས་འཚོལ་བསྡུའི་ལས་དོན་ཡག་པོ་བསྒྲུབས་ཏེ། ས་རྒྱུའི་སྤུས་ཚད་དང་། ངོ་བོ་དང་རྣམ་པ། བེད་སྤྱོད་བྱས་ཚུལ་སོགས་ཀྱི་རྨང་གཞིའི་གྲངས་གཞི་འཕྱུགས་པ་མེད་པར་ཁོང་དུ་ཡང་དག་ཆུད་པ་བྱེད་རྒྱུ་དེ་ལྗོངས་ཡོངས་ཀྱི་ས་རྒྱུར་ཡོངས་བཤེར་ཐེངས་གསུམ་པའི་ལས་དོན་ཡག་པོ་སྒྲུབ་པའི་ངོས་ནས་བརྗོད་ན་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད།
གཞིས་རྩེ་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་ཀྲང་ཡུན་པའོ་ཡིས་གཞིས་རྩེ་གྲོང་ཁྱེར་གྱི་གོང་འོག་ཚང་མས་ཕྱར་བ་གྲུ་འདེགས་དང་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་བྱས་ཏེ། རང་སྐྱོང་ལྗོངས་ཀྱི་ས་རྒྱུའི་ཡོངས་བཤེར་བྱེད་ཐེངས་གསུམ་པའི་གཞུང་ལས་ཁང་གི་ཞིབ་ཕྲའི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་རྩ་འཛུགས་ཀྱི་མ་ལག་དང་། ལག་རྩལ་གྱི་མ་ལག འགན་ལེན་གྱི་མ་ལག བརྒྱུད་རིམ་ཧྲིལ་པོའི་སྤུས་ཚད་ཚོད་འཛིན་མ་ལག་བཅས་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས། ལས་དོན་དུས་ཐོག་ཏུ་སྤེལ་བ་དང་། འཆར་གཞི་བཀོད་ནས་ལས་དོན་སྒྲུབ་པ། རྒྱུན་མཐུད་སྐུལ་སྤེལ་གཏོང་བ་བཅས་བྱས་ཏེ། དུས་ཐོག་ཏུ་སྤུས་ཚད་མཐོ་ལ་ཕན་འབྲས་ཆེ་བའི་སྒོ་ནས་ཡོངས་བཤེར་ལས་འགན་ལེགས་སྒྲུབ་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་བཤད་པ་རེད།