ཀྲུང་གོའི(མཚོ་སྔོན)རྒྱལ་སྤྱིའི་སྐྱེ་ཁམས་དངོས་མང་སྟོན་ཚོགས་སྐབས་གསུམ་པ་མཇུག་འགྲིལ་བ།
ཀྲུང་གོ་བོད་ལྗོངས་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟླ་6ཚེས་18ཉིན་དུས་ཡུན་ཉིན་4ཡི་ཀྲུང་གོའི(མཚོ་སྔོན)རྒྱལ་སྤྱིའི་སྐྱེ་ཁམས་དངོས་མང་སྟོན་ཚོགས་སྐབས་གསུམ་པ་ཟི་ལིང་མཚོ་སྔོན་རྒྱལ་སྤྱིའི་ཚོགས་འགྲེམས་ལྟེ་གནས་སུ་ཐུགས་གྲ་ལེགས་འགྲིག་བྱུང་ཞིང་། བོད་ཀྱི་ཁེ་ལས་11གི“གྲགས་ཅན་དང་། ཁྱད་ལྡན། སྤུས་ལེགས”བཅས་ཀྱི་འགྲེམས་རྫས་སྣ་ཚོགས་ལ་རྒྱལ་ཁབ་ཕྱི་ནང་གི་དོ་ཁུར་རྒྱ་ཁྱབ་ཐོབ་པ་རེད།
སྐབས་འདིའི་དངོས་མང་སྟོན་ཚོགས་ཐོག“སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ཡོང་བར་བྱས་ནས་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པ་དང་བོད་ཀྱི་འགྲེམས་ཞུགས་ཐོན་རྫས་ཀྱིས“རང་བྱུང་དང་ལྷད་མེད”ཀྱི་ཁྱད་ཆོས་གཙོ་བོར་བཟུང་ཡོད། མེ་ཏོག་ལྷ་མོའི་སྦི་རག་དང་། སྙེ་མོའི་སྤོས། ནས་བརྔོས་བཟའ་བཅའ་སོགས་བོད་ཀྱི་ཁྱད་ལྡན་ཐོན་རྫས་ལ་ཕྱོགས་བཞི་མཚམས་བརྒྱད་ཀྱི་སྐུ་མགྲོན་དང་ལྟ་སྐོར་བའི་དགའ་བསུ་ཐོབ་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲེམས་སྟོན་དེས“སྤུས་རྟགས་སྐྱེད་སྲིང་དང་། བྲིན་ཚོང་ལ་སྐུལ་འདེད། ཚོང་དོན་ལ་སྐུལ་འདེད། སྤེལ་རེས་ཟབ་གཏོང་། མཉམ་ལས་སྟོབས་ཆེར་གཏོང་བ”བཅས་ཀྱི་དམིགས་ཚད་ལ་གཙོ་གནད་དུ་གཞིགས་ཏེ་འགྲེམས་སྟོན་བྱས་པ་བརྒྱུད་ས་མཐོའི་ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་བྱས་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་ལེགས་ལྡན་ཐོན་ཁུངས་དང་། ཁྱད་ལྡན་ཐོན་ལས། ཚོང་གཉེར་ཁོར་ཡུག མ་འཇོག་གི་ཚོང་ལས་གོ་སྐབས་བཅས་དྲིལ་བསྒྲགས་བྱས་པ། “བོད་ཀྱི་དངོས་རྫས་ཕྱིར་གཏོང་བའི”བར་མཐོངས་རྒྱ་ཆེར་བཏང་བ། རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་བོད་དུ་མ་འཇོག་ལས་གཏོད་ལ་ཡོང་རྒྱུའི་ཡིད་དབང་བཀུག་པ། ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་བཅས་བྱས་ཡོད།