དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་པེར་ཀྲེམ་གྱི་གྲགས་ཅན་མཛའ་གྲོགས་མི་སྣ་ཏུང་པོ་ལ་འཕྲིན་ལན་སྤྲིངས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-06-22

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེར་ཀྲེམ་གྱི་གྲགས་ཅན་མཛའ་གྲོགས་མི་སྣ་ཏུང་པོ་ལ་འཕྲིན་ལན་སྤྲིངས་ནས། ཁོང་གིས་ཀྲུང་གོ་དང་པེར་ཀྲེམ་དང་ཀྲུང་གོ་དང་ཡོ་རོབ་ཀྱི་མཛའ་གྲོགས་ལ་མུ་མཐུད་སྐུལ་འདེད་ཧུར་ཐག་གཏོང་རྒྱུའི་སྐུལ་ལྕག་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ཁྱེད་ཀྱིས་སྤྲིངས་པའི་སྤྲོ་སེམས་རབ་ཏུ་འཁོལ་བའི་འཕྲིན་ཡིག་བཀླགས་རྗེས། རང་ཉིད་2014ལོར་བཟའ་ཟླ་དང་མཉམ་དུ་པེར་ཀྲེམ་ལ་འཚམས་འདྲི་བྱེད་རིང་། རྒྱལ་པོ་ཧྥེ་ལི་ཕུའུ་སྟངས་དཔྱལ་དང་མཉམ་དུ་ལྷ་ཡུལ་སྲོག་ཆགས་གླིང་དོམ་ཁྲ་ཁང་སྒོ་ཕྱེ་བའི་མཛད་སྒོར་ཞུགས་པའི་གནས་ཚུལ་ཡིད་ལ་ཝ་ལེར་དྲན་བྱུང་། ལོ་དེར་ལྷ་ཡུལ་སྲོག་ཆགས་གླིང་དུ་བཏབ་པའི་མེ་ཏོག་ཙེ་ཡུས་ལན་རབ་ཏུ་བཞད་པ་དང་། ཀྲུང་གོའི“མཛའ་གྲོགས་ཕོ་ཉ”ཡིན་པའི་དོམ་ཁྲ་དེ་གཉིས་ཀྱང་འཚར་ལོངས་ཡག་པོ་བྱུང་བ་ཤེས་རྟོགས་བྱུང་སྐབས་ང་རང་ཧ་ཅང་དགའ་པོ་བྱུང་།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དེང་སྐབས་ཀྲུང་གོས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་ཧུར་ཐག་གཏོང་བཞིན་ཡོད་པ་དང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་འདུ་འགོད་གལ་ཆེན་ལག་ལེན་བསྟར་བས་རྩ་ཆེ་ལ་སྟོངས་ཉེར་ཡོད་པའི་སྲོག་ཆགས་འབོར་ཆེན་ཞིག་སྲུང་སྐྱོང་ནུས་ལྡན་ཐུབ་ནས་དོམ་ཁྲ“སྟོངས་ཉེར་ཡོད་པ”ནས“སྟོངས་སླ་བའི”བར་རིམ་པ་དམའ་རུ་ཕྱིན་ཡོད། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་ཐཱན་ཉུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དེ་འཛམ་གླིང་ལ་གོ་སྐབས་དེ་བས་མང་བ་བཏོད་ནས་མིའི་རིགས་ཡར་ཐོན་ཡོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་ཡིན། ཀྲུང་པེར་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཕྱིན་པ་དེ་ནི་རྒྱལ་ཁབ་གཉིས་པོའི་ལས་རིགས་ཁག་གི་མཛའ་གྲོགས་མི་སྣས་ཡུན་རིང་འབད་བརྩོན་དང་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བ་དང་ཁ་འབྲལ་ཐབས་མེད། ཁྱེད་དང་མཛའ་གྲོགས་མི་སྣ་གཞན་དག་གིས་མཛའ་གྲོགས་ཀྱི་ས་བོན་མུ་མཐུད་བཏབ་ནས་དམངས་ཚོགས་དང་ལྷག་པར་དུ་གཞོན་ནུ་མི་རབས་དེ་བས་མང་བ་ཞིག་མཛའ་གྲོགས་བྱ་གཞག་ནང་ཧུར་ཐག་ཞུགས་རྒྱུའི་ཡིད་དབང་བཀུག་ནས་ཀྲུང་གོ་དང་པེར་ཀྲེམ་དང་ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུའི་ཡིད་ཆེས་ཡོད།

    ཉེ་ཆར། པེར་ཀྲེམ་གྱི་ལྷ་ཡུལ་སྲོག་ཆགས་གླིང་གི་ཏུང་ཧྲི་ཀྲང་དང་གསར་གཏོད་པ་ཏུང་པོ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་2014ལོའི་ཟླ་3པར་པེར་ཀྲེམ་ལ་འཚམས་འདྲིར་ཕེབས་སྐབས་ལྷ་ཡུལ་སྲོག་ཆགས་གླིང་གི་དོམ་ཁྲ་ཁང་སྒོ་ཕྱེ་བའི་མཛད་སྒོར་ཞུགས་པའི་གནས་ཚུལ་ལ་ཕྱིར་དྲན་བྱས་ཤིང་། ཁོང་གིས་ཀྲུང་གོའི་གླིང་གིས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་འདུ་ཤེས་མཚོན་པ་དང་། ཀྲུང་གོའི་ཕུགས་འདུན་དང་ཀྲུང་གོའི་འཕེལ་རྒྱས་དང་དར་རྒྱས་ནི་ནམ་ཡང་མཉམ་སྤྱོད་ཐུབ་པའི་གོ་སྐབས་ཤིག་རེད་ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།