དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ས་མཐོའི་ཡུལ་གྲུ་གང་སར་བོད་ལུགས་གསོ་རིག་གི་སྙན་གྲགས་ཀྱི་བ་དན་གཡོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-21

    མི་རབས་ནས་མི་རབས་བར་གངས་ལྗོངས་ས་མཐོར་འཚོ་ཞིང་གནས་པའི་མི་རིགས་ཁག་གི་མི་དམངས་ཀྱིས་རང་བྱུང་ཁམས་དང་ནད་རིགས་སྣ་ཚོགས་ལ་འཐབ་རྩོད་བྱེད་རིང་ཉམས་མྱོང་རྩ་ཆེན་བསགས་ནས་དམིགས་བསལ་ཁྱད་ཆོས་ལྡན་པའི་བོད་ལུགས་གསོ་རིག་གི་མ་ལག་གྲུབ་ཅིང་། བོད་དུ་དེ་ལ་མང་ཚོགས་ཀྱི་རྨང་གཞི་ཟབ་མོ་ལྡན་པ་དང་། ལོ་ངོ་སྟོང་ཕྲག་རིང་མི་སེར་གྱིས་བོད་ལུགས་གསོ་རིག་གི་ལུས་གསོའི་གོམས་གཤིས་སྔར་བཞིན་རྒྱུན་འཛིན་བྱས་དང་བྱེད་མུས་རེད།

    རང་ལྗོངས་ཀྱི་བོད་ལུགས་གསོ་རིག་གི་ལས་དོན་དེ“ཀྲུང་ལུགས་གསོ་རིག་དང་ཕྱི་ལུགས་གསོ་རིག་གལ་ཆེ་མཉམ་འཛིན”གྱི་འཕྲོད་བསྟེན་བདེ་ཐང་ལས་དོན་གྱི་བྱེད་ཕྱོགས་དོན་འཁྱོལ་བྱེད་པར་དམ་པོར་དམིགས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱས་ནས་བོད་ལུགས་གསོ་རིག་གི“སྨན་བཅོས་དང་། སློབ་ཁྲིད། ཞིབ་འཇུག ཐོན་སྐྱེད”བཅས་མཐུན་སྦྱོར་འཕེལ་རྒྱས་གཏོང་བར་སྐུལ་འདེད་ཤུགས་ཆེན་བཏང་སྟེ་རང་ལྗོངས་ཀྱི་དོན་དངོས་དང་འཚམ་པའི་བོད་ལུགས་གསོ་རིག་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་སྨན་བཅོས་ཞབས་ཞུ་འགན་ལེན་དང་། དཔལ་འབྱོར་དང་སྤྱི་ཚོགས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རིང་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་པ་རེད།

    སྨན་བཅོས་འཕྲོད་བསྟེན་གྱི་དགོས་མཁོ་དེ་ནད་གཞི་བཅོས་རྒྱུ་གཙོ་བོ་བྱེད་པ་ནས་བདེ་ཐང་གཙོ་བོར་འཛིན་པར་འགྱུར་ལྡོག་འགྲོ་བ་དང་བསྟུན་ནས། ནད་རིགས་འགོག་བཅོས་དང་གཅོང་ནད་ཀྱི་གཡོག་བྱེད་སོགས་ཐད་ཀྱི་མི་རྣམས་ཀྱི་དགོས་མཁོ་ཉིན་རེ་བཞིན་ཆེ་རུ་འགྲོ་བཞིན་ཡོད། དེར་བརྟེན་ཆབ་མདོ་གྲོང་ཁྱེར་སྨན་རྩིས་ཁང་གིས་སྨན་བཅོས་ཀྱི་ཕན་འབྲས་ལེགས་པའི་བོད་སྨན་ཁག་གཅིག་བཟོས་པར་ནད་པའི་དགའ་བསུ་ཟབ་མོ་ཐོབ་ཡོད།

    ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་སྤང་མདའ་ཁུལ་ཆུང་གི་ཡུལ་མི་བྱམས་པ་དབང་གྲགས་ཀྱིས“སྨན་རྩིས་ཁང་གིས་བཟོས་པའི་སྨན་བཏང་རྗེས་ངའི་གཅིན་སྙི་ཟགས་ཁུའི་ནད་དྲག་ཏུ་ཕྱིན་སོང”ཞེས་བཤད།

    ན་ནིང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཁྲོད་བོད་ལུགས་གསོ་རིག་ལས་ནད་གཞི་ཇེ་ཡང་དང་། དྲག་ཚད་ཇེ་མང་། འཆི་ཚད་ཇེ་ཉུང་སོགས་ཀྱི་དམིགས་བསལ་གྱི་སྨན་བཅོས་ཕན་འབྲས་དང་ལེགས་ཆ་ཐོན་ཞིང་། བོད་སྨན་ཐོན་ལས་ཀྱིས་བོད་ལུགས་གསོ་རིག་འཛིན་སྐྱོང་སྤེལ་གསུམ་ལ་སྒུལ་ཤུགས་དེ་བས་ཆེ་བ་བསྣན་ཡོད་པ་རེད།

    བོད་ལྗོངས་ཆེས་བྲིན་བོད་སྨན་མ་རྐང་ཚད་ཡོད་ཀུང་སིས་རང་འགུལ་ངང་ཁེ་ལས་ཀྱི་འགན་འཁྲི་ཁུར་ནས་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་རིམས་འགོག་བྱ་སྤྱོད་སྤེལ་བ་དང་ཆབས་ཅིག རང་ལྗོངས་ཀྱི་རིམས་ནད་འགོས་མཁན་དང་ལོགས་སུ་བཀར་བའི་ནད་པར་སྨན་བསྐྱལ་བས་བོད་སྨན་ལ་མཚན་སྙན་བཟང་པོ་ཐོབ་ཡོད།

    “ཀུང་སི་བཙུགས་ནས་ལོ་28སོང་རིང་། སྙིང་བཅུད་རྒྱུན་འཛིན་དང་གསར་གཏོད་སྣེ་ཁྲིད་བྱས་པ་བརྒྱུད་བོད་སྨན་ཐོན་ལས་དེང་རབས་ཅན་ལག་ལེན་བསྟར་བས་རང་ངོས་ཀྱི་ལྟེ་བའི་ལེགས་ཆ་གྲུབ་ནས་བོད་སྨན་ཐོན་ལས་ཉིད་རྒྱལ་ཁབ་ཕྱི་ནང་གི་ཁྲོམ་ར་ཆེན་པོར་བསྐྱོད་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད”ཅེས་བོད་ལྗོངས་ཆེས་བྲིན་བོད་སྨན་མ་རྐང་ཚད་ཡོད་ཀུང་སིའི་འབྲེལ་ཡོད་འགན་འཁུར་བས་བཤད།

    སླད་ཕྱིན་དུས་སྐབས་ཤིག་རིང་གི་བོད་ལུགས་གསོ་རིག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གླེང་སྐབས། རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་རེན་སྐལ་བཟང་གཡུ་སྒྲོན་གྱིས“‘ལོ་ལྔ་ཚན་བཅུ་བཞི་པའི’རིང་། ང་ཚོས་སྙིང་བཅུད་རྒྱུན་འཛིན་དང་གཞུང་འཁྱོངས་གསར་འབྱེད་གཙོ་རྐང་དུ་བྱེད་པ་དང་། ‘འཛམ་གླིང་གི་རྩེར་སོན་བཞི’བསྐྲུན་རྒྱུ་དམིགས་ཚད་དུ་བྱེད་པ་སྟེ། ‘བོད་ལུགས་གསོ་རིག་གི་ཞིབ་འཇུག་ལས་སྟེགས་རྩེར་སོན’དང་། ‘བོད་ལུགས་གསོ་རིག་སློབ་ཆེན་རྩེར་སོན’ ‘བོད་སྨན་ཁེ་ལས་རྩེར་སོན’ ‘བོད་ལུགས་གསོ་རིག་སྨན་བཅོས་ལྟེ་གནས་རྩེར་སོན’བཅས་སྐྲུན་པ་དང་། བོད་ལུགས་གསོ་རིག་གི་སྨན་བཅོས་དང་། སློབ་གསོ། ཚན་ཞིབ། ཐོན་ལས་བཅས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་གི་ཡིན”ཞེས་ངོ་སྤྲོད་བྱས་པ་རེད།

    ལོ་རྒྱུས་རྒྱུན་འཛིན་དང་འབྱུང་འགྱུར་ལ་ཁ་ཕྱོགས་ཤིང་། ད་ཆ་བོད་ལུགས་གསོ་རིག་གི་བྱ་གཞག་ཟམ་མི་ཆད་པར་འཕེལ་རྒྱས་དང་སྟོབས་ཆེར་སོང་བ་དང་ཆབས་ཅིག རྒྱལ་ཁབ་ཕྱི་ནང་དུ་རང་ལྗོངས་ཀྱི་བོད་ལུགས་གསོ་རིག་སྐད་གྲགས་ཆོད་ཚད་དང་། མཚན་སྙན་ཁྱབ་ཚད། ཤུགས་རྐྱེན་ཐེབས་ཤུགས་བཅས་ཟམ་མི་ཆད་པར་ཆེ་རུ་སོང་ནས་བོད་ཀྱི་སྒོ་དབྱེ་སྤེལ་རེས་དང་མཉམ་ལས་ཀྱི“མིང་བྱང”ལྟ་ན་སྡུག་པ་ཞིག་ཏུ་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།