ཐོན་རྫས་འབེལ་འབེལ་ལྷུག་ལྷུག་གིས། མིག་ཡིད་རྣ་བའི་སྒོ་མོ་ཕྱེ།
—— ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་སྐབས་ལྔ་པའི་མཐོང་ཐོས།
ཕྱི་རྒྱལ་སྐུ་མགྲོན་གྱིས་རང་ལྗོངས་ཀྱི་ཐོན་རྫས་ལ་ཤེས་རྟོགས་བྱེད་བཞིན་པ།
ཨ་ཧྥུ་ཀ་ནི་སི་ཐན་གྱི་ཚོང་པ་ཨཱ་ཅི་ཡིས་འཛད་སྤྱོད་པར་རང་ཉིད་ཀྱི་ཚོང་ཟོག་ངོ་སྤྲོད་བྱེད་བཞིན་པ།
འཛད་སྤྱོད་པས་རང་ཉིད་ཀྱི་བློ་རུ་ཕྱིན་པའི་ཚོང་ཟོག་གི་གོང་ཚད་སྐད་ཆ་འདྲི་བཞིན་པ།
ཕྱི་རྒྱལ་གྱི་ཚོང་པས་རང་ཉིད་ཀྱི་ཐོན་རྫས་སྟོན་བཞིན་པ།
ཚོང་ལམ་ལ་རེ་བས་ཁེངས་པའི་འཛུམ་མདངས།
རང་ཉིད་ཀྱི་ཚོང་ཟོག་ལ་ཡིད་ཆེས་ཀྱིས་ཁེངས་པའི་ཕྱི་རྒྱལ་གྱི་ཚོང་པ།
ཆུ་ཤེལ་ལས་གྲུབ་པའི་ཡུམ་བུ་བླ་མཁར།
གླང་པོ་ཆེའི་གཟུགས་ཀྱི་མཛེས་རྒྱན།
མིག་ལ་མཛེས་པའི་གློག་གི་སྒྲོན་མེ་ཆུང་ཆུང་།
བོད་ལྗོངས་འགྲེམས་ཚོགས་ཀྱི་ཐོན་རྫས་འགྲེམས་འཚོང་ཁུལ་དུ་འཁྲུག་ཆ་ཧ་ཅང་དོད་པ།
ཚེས་16ཉིན་གྱི་དགོང་མོ། སྐྱེ་བོ་ཀུན་གྱི་དོ་ཁུར་དང་རེ་སྒུག་ཁྲོད། ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་འགྲེམས་ཚོགས་སྐབས་ལྔ་པ་ལྷ་སར་གཟབ་རྒྱས་ངང་འགོ་ཚུགས་པ་རེད།
རིག་གནས་དང་ཡུལ་སྐོར་པུའུ་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་མཉམ་དུ་གཙོ་གཉེར་བྱས་པའི་བོད་ལྗོངས་འགྲེམས་ཚོགས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པའི་ཉམས་བཟང་རྒྱལ་ཕྱི་རྒྱལ་ནང་དུ་དྲིལ་བསྒྲགས་དང་། རྒྱལ་ཁབ་ཕྱི་ནང་གི་ཚོང་པ་དང་ཡུལ་སྐོར་བ་དེ་བས་མང་བ་བོད་དུ་ཕེབས་རྒྱུའི་ཡིད་དབང་འགུག་པ། བོད་ཀྱི་སྣ་མང་ཕུན་སུམ་ཚོགས་པའི་ཁྱད་ལྡན་ཡུལ་ཟོག་འཛམ་གླིང་ལ་སྔར་ལས་ལྷག་པར་ངོ་སྤྲོད་བྱེད་པ། མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐབས་ལམ་གལ་ཆེན་ཞིག་རེད།
ཐེངས་འདིའི་འགྲེམས་ཚོགས་ཀྱི་འགྲེམས་ཁང་གཉིས་པ་ནི་འགྲེམས་ཐང་གི་གཞོགས་གཡས་སུ་གནས་ཤིང་། འདི་ནི་གཙོ་བོ་རྒྱལ་ཕྱི་རྒྱལ་ནང་དང་དེ་བཞིན་རང་ལྗོངས་ཀྱི་ཁྱད་ལྡན་ཐོན་རྫས་ཉོ་ཚོང་བྱེད་སའི་འགྲེམས་འཚོང་གི་སྟེགས་བུ་ཞིག་རེད། འགྲེམས་ཁང་དུ་ས་མཐོའི་ཁྱད་ལྡན་སྤུས་དག་ཐོན་ལས་དང་། ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་ཐོན་རྫས། རྒྱལ་སྤྱིའི་སྤུས་ལེགས་ཐོན་རྫས། འཛམ་གླིང་གི་གླིང་སྣེ་གསུམ་པ་སོགས་འགྲེམས་ཁུལ་9བཙུགས་འདུག་ཅིང་། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཐོན་རྫས་འགྲེམས་འཚོང་ནི་སྐབས་གོང་མ་དང་བསྡུར་ན་གཞི་ཁྱོན་སྔར་བས་ཆེ་བ་དང་། འགྲེམས་ཚོགས་ལ་ཞུགས་མཁན་ཕྱིའི་རྒྱལ་ཁབ་16དང་རྒྱལ་ཕྱི་རྒྱལ་ནང་གི་ཁེ་ལས་612བར་མང་དུ་སོང་བ་མ་ཟད། གློག་རྡུལ་ཐོན་རྫས་དང་། གློག་རྡུལ་གློག་ཆས། ཁྱད་ལྡན་ལག་ཤེས་ཐོན་རྫས་སོགས་སྣ་ཁ་ཁྲི་19ཙམ་ཡོད་པ་རེད།
ཨ་ཧྥུ་ཀ་ནི་སི་ཐན་གྱི་ཚོང་པ་ཨཱ་ཅི་ནི་ད་ཐེངས་འགྲེམས་ཚོགས་ལ་ཞུགས་ཐེངས་དང་པོ་ཡིན་པ་དང་། གསར་འགོད་པས་ཁོང་ལ་དེ་རིང་ཚོང་ལམ་གང་འདྲ་ཡོད་མེད་དྲིས་པར། ཁོང་གིས“དེ་རིང་ཚོང་ཧ་ཅང་ཡག་པོ་འདུག་པས་མ་ལྕོགས་ཤིག་ཤིག་རེད་འདུག ངས་ཁྱེར་ཡོང་བའི་ཁ་ཆེ་ཤ་སྐམ་ཚང་མ་སྔ་ས་ནས་བྲིན་སོང་། དེ་སྔོན་འགྲེམས་ཚོགས་ལ་ཞུགས་མྱོང་མེད་པས་ཚོང་ལམ་ཡག་པོ་འདི་འདྲ་བྱུང་ཡོང་སྙམ་པ་བསམ་ཚོད་ལ་མེད། སང་ཉིན་ལག་རོགས་མང་ཙམ་སྐད་གཏོང་རྩིས་ཡོད”ཅེས་བརྗོད་བྱུང་།
ཚོང་གཉེར་བས་བཏོན་པའི་ཐོན་རྫས་སྣ་ཁ་མང་ལ་སྤུས་ཀའང་ཤིན་ཏུ་ལེགས་པས་ཁྲོམ་བཀྱག་ཚང་མའི་མདུན་དུ་མི་ཚོགས་ཀྱིས་ཁེངས་ཤིང་འཁྲུག་ཆ་ཧ་ཅང་དོད་པ་མ་ཟད། སྣ་མང་ཕུན་སུམ་ཚོགས་པའི་ཐོན་ཟོག་གིས་འཛད་སྤྱོད་པའི་མིག་ཟུང་ལ་ལྟ་བས་ངོམ་པ་མེད་པའི་སྣང་བ་ངམ་ངམ་ཤུགས་སུ་སྟེར་བར་བྱེད།
ཉིང་ཁྲི་བཀྲ་ཤིས་གཡང་འཕེལ་བཟོ་ལས་དང་ཚད་ཡོད་ཉོ་ཚོང་ཀུང་སིའི་འབྲེལ་ཡོད་མི་སྣས“ད་ཐེངས་ང་ཚོས་སླེ་བོ་དང་། སློ་མ། བོད་ཁང་དབྱིབས་ཀྱི་སྒྲ་སྒམ། རྒྱུ་སྦ་ལས་བཟོས་པའི་ཁ་ཏོག་བླུགས་སྣོད་བཅས་ཀྱི་ཐོན་རྫས་ཁྱེར་ཡོད། ད་ཐེངས་འགྲེམས་ཚོགས་ལ་ཞུགས་དོན་ནི། གོ་སྐབས་བཟང་པོ་དེ་དང་བསྟུན་ནས་རང་ཉིད་ཀྱི་ཐོན་རྫས་དྲིལ་བསྒྲགས་བྱེད་ཆེད་ཡིན་པས་ང་ཚོས་ཐོན་རྫས་ལ་རིན་གོང་དེ་ཙམ་མཐོ་པོ་བརྒྱབ་མེད”ཅེས་བཤད་བྱུང་།
2014ལོ་ནས་ད་བར་བོད་ཀྱི་རིག་གནས་འགྲེམས་སྟོན་དང་། ཡུལ་སྐོར་དྲིལ་བསྒྲགས། ཚོང་འགུགས་མ་འདྲེན་བཅས་ནང་དོན་གཙོ་བོར་བྱས་པའི་བོད་ལྗོངས་འགྲེམས་ཚོགས་སྐབས་བཞི་ཙམ་ལེགས་པར་གཉེར་ཡོད་ཅིང་། ད་ཐེངས་ཀྱི་བོད་ལྗོངས་འགྲེམས་ཚོགས་སྐབས་ལྔ་པས་ཀྱང་རང་ལྗོངས་ཀྱི་ཕུན་སུམ་ཚོགས་པའི་རིག་གནས་དང་ཡུལ་སྐོར་གྱི་སྡིངས་ཆ་ཡངས་མོ་རུ། ཚོང་དོན་འཕེལ་རྒྱས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་ངེས་རེད།