ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཅོ་བརྒྱད་པ་འགོ་ཚུགས་པ།
ཟླ་6ཚེས་18ཉིན་གྱི་དགོང་མོར། གཞིས་རྩེའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་བསམ་བཀོད་ཐོན་ལས་གླིང་ཁུལ་དུ་གློག་འོད་ཁྲ་ཆིལ་ལེར་བཀྲ་བ་དང་དར་ཚོན་སྣ་ལྔས་བརྒྱན་ཞིང་། “ཇོ་མོ་གླང་མ་གནས་ཡུལ། བཀྲ་ཤིས་པའི་གཞིས་རྩེ”བརྗོད་དོན་གཙོ་བོར་བྱས་པའི་2023ལོའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཅོ་བརྒྱད་པ་འགོ་ཚུགས་པ་རེད། འཁྲབ་སྟོན་པ་400ལྷག་ཙམ་གྱིས་འཁྲུག་ཆ་དོད་པའི་རིག་གནས་ཀྱི་སྟོན་མོ་བཤམས་པ་དང་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་3000ལྷག་ཙམ་རིག་གནས་ཡུལ་སྐོར་གྱི་སྟོན་མོར་ཞུགས་ཡོད།
གཞིས་རྩེ་ནི་རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་ཞིག་དང་ཇོ་མོ་གླང་མ་གནས་ཡུལ་དང་ཡར་ཀླུང་གཙང་པོའི་ཆུ་འགོ་ཡིན་པས“རི་བོ་སྟོང་གི་རྒྱལ་པོ་དང་ཆུ་མོ་ཁྲི་ཡི་ཆུ་འགོ”ཡི་མིང་གྲགས་ཀྱང་ཡོད་ལ། ལས་གཏོད་བྱ་ཡུལ་དང་། ལས་དར་བཟང་ཡུལ། སྒོ་དབྱེ་བྱ་ཡུལ་བཅས་ཀྱང་རེད། ཇོ་མོ་གླང་མའི་འདབས་ཀྱི་རིག་གནས་ཡུལ་སྐོར་གྱི་བྱེད་སྒོ་གཟབ་རྒྱས་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་བདེ་བླག་ངང་སྐབས་བཅུ་བདུན་གཉེར་ཡོད། དེ་ནི་གཞིས་རྩེ་དྲིལ་བསྒྲགས་དང་། འོས་སྦྱོར། འགྲེམས་སྟོན་བཅས་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་དང་ཕྱི་ཕྱོགས་དང་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་ལས་སྟེགས་གལ་ཆེན་ཞིག་ཏུ་གྱུར་ནས་རྒྱལ་སྤྱི་རྒྱལ་ནང་དུ་གཞིས་རྩེའི་ཡིད་དབང་འཕྲོག་ཤུགས་དང་། འགྲན་ནུས། ཤུགས་རྐྱེན་ཐེབས་ཤུགས་བཅས་ཆེ་རུ་གཏོང་བའི་ཐད་ནུས་པ་གལ་ཆེན་ཐོན་ཡོད།
སྐབས་འདིའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་གྱིས“རིག་གནས་ལ་བརྟེན་ནས་ཡུལ་སྐོར་སྤེལ་བ་དང་། ཡུལ་སྐོར་ལ་བརྟེན་ནས་རིག་གནས་མངོན་པ། རིག་གནས་ལ་བརྟེན་ནས་གར་སྟེགས་གཏོད་པ། དཔལ་འབྱོར་ལ་བརྟེན་ནས་ཟློས་གར་འཁྲབ་པ”བཅས་ཀྱི་དམིགས་ཚད་ལ་དམིགས་ཏེ། གཞིས་རྩེའི་ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་ཚོགས་འདུ་དང་། རྣམ་གྲངས་ལ་གཅིག་སྡུད་གན་རྒྱ་འཇོག་པའི་མཛད་སྒོ། གཞིས་རྩེའི་ཡུལ་སྐོར་བྲིན་ཚོང་ཁྱབ་གདལ་ཚོགས་ཆེན། མངོན་མིན་རིག་གནས་ཤུལ་བཞག་གི་ཞབས་བྲོའི་འཁྲབ་སྟོན་ཆེ་གྲས། བསམ་གྲུབ་རྩེ་ཆུས་ཀྱི་རྟ་རྒྱུག་འགྲན་བསྡུར། ལྷ་མོའི་རྣམ་ཐར་འགྲན་བསྡུར་ཆེན་པོ་སྐབས་བཞི་པ། “ཇོ་མོ་གླང་མའི་ཁྱད་ཆོས་ལྡན་པའི”ཞིམ་ཟས་དུས་ཆེན། “ཏང་གི་བཀའ་དྲིན་སེམས་ལ་འཆང·ཇོ་མོ་གླང་མར་ཕྱག་རྟགས་འབུལ་བའི”རྫོང(ཆུས)18ཀྱི་རིག་རྩལ་འཁྲབ་སྟོན་། ཧྲན་ཏུང་དང་བོད་ཀྱི་ཡིག་གཟུགས་དང་། རི་མོ། པར་བརྙན་བཅས་ཀྱི་བརྩམས་ཆོས་སྤེལ་རེས་འགྲེམས་སྟོན་སོགས་ལྟད་མོ་ཆེ་བའི་བྱེད་སྒོ་སྤེལ་གྱི་ཡོད་པ་རེད།