མཚོ་སྔོན་གྱིས།
སྒོར་དུང་ཕྱུར་10.5བཏང་ནས་སྤུས་ལེགས་སྨན་བཅོས་ཐོན་ཁུངས་ཀྱི་སྤུས་ཚད་མཐོ་རུ་མགྱོགས་མྱུར་བཏང་བ།
མཚོ་སྔོན་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། འདི་ལོ་མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་དབྱང་སྔོན་རྩིས་ནས་མ་དངུལ་སྒོར་དུང་ཕྱུར་10.5བརྩོན་ལེན་བྱས་ཏེ། མང་ཚོགས་ཀྱིས་སེམས་ཁུར་དང་རེ་སྒུག་བྱེད་པའི་སྨན་བཅོས་འཕྲོད་བསྟེན་གྱི་རྣམ་གྲངས་གལ་ཆེན་9འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ནས་ཞིང་ཆེན་ས་ཁོངས་ནང་གི་སྨན་བཅོས་འཕྲོད་བསྟེན་མཁོ་སྤྲོད་ཀྱི་སྤུས་ཚད་དང་ཞབས་འདེགས་ཆུ་ཚད་མཐོ་རུ་བརྟན་པོ་འགྲོ་རྒྱུར་སྐུལ་འདེད་བཏང་བ་རེད།
ཀྲུང་དབྱང་སྔོན་རྩིས་ནང་གི་མཐུད་སྐྲུན་མ་དངུལ་སྒོར་དུང་ཕྱུར་2.5བརྩོན་ལེན་བྱས་ནས་རྒྱལ་ཁབ་ས་ཁོངས་སྨན་བཅོས་ལྟེ་གནས་དང་རྒྱལ་ཁབ་ཀྱི་དོས་དྲག་གསོ་རིག་རོགས་སྐྱོབ་རྟེན་གཞི་ལག་ལེན་བསྟར་བ་དང་། ས་མཐོའི་གསོ་རིག་ཞིབ་འཇུག་ལྟེ་གནས་འཛུགས་སྐྲུན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། མཚོ་སྔོན་ལ་གཞི་ཚུགས་པ་དང་། རྒྱལ་ཡོངས་ལ་ཕྱོགས་པ། འཛམ་གླིང་ལ་ཁྱབ་པ་བཅས་ཀྱི་སྨན་བཅོས་དང་། ཚན་ཞིབ། གཞན་སྒྱུར་བཅས་གཞི་གཅིག་ཅན་གྱི་ལས་སྟེགས་ཧུར་ཐག་སྐྲུན་པ་བཅས་བྱས་ནས་ས་མཐོའི་གསོ་རིག་ཞིབ་འཇུག་དང་ས་མཐོའི་ནད་གཞི་འགོག་བཅོས་བྱེད་པའི་མཚོ་སྔོན་གྱི་མཐོ་ས་ནུས་ཤུགས་ཡོད་རྒུས་བསྐྲུན་ཡོད། ཀྲུང་དབྱང་སྔོན་རྩིས་ནས་མ་དངུལ་སྒོར་དུང་ཕྱུར་2.5ཁྲོད་བཀོད་སྒྲིག་བྱས་ནས་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་དང་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡི་ཞིང་ཆེན་རིམ་པའི་ས་ཁོངས་སྨན་བཅོས་ལྟེ་གནས་ལག་བསྟར་བྱེད་མགྱོགས་སུ་བཏང་ནས་མཚོ་ཤར་གྲོང་ཁྱེར་གྱི་ཞིང་ཆེན་རིམ་པའི་ས་ཁོངས་སྨན་བཅོས་ལྟེ་གནས་སྐྲུན་འགོ་བཙུགས་ཏེ། རྨང་གཞིའི་སྒྲིག་བཀོད་དང་སྒྲིག་ཆས་ཀྱི་ཆ་རྐྱེན་སྔར་བས་ལེགས་སུ་གཏོང་བ་དང་། ཆ་འཕྲིན་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། ས་ཁོངས་སྨན་བཅོས་ཀྱི་ཕྱོགས་བསྡུས་ཐེག་ནུས་ཆེ་རུ་གཏོང་བ་བཅས་བྱས་ནས་མང་ཚོགས་ཚོར་ཉེ་འགྲམ་ནས་ཆུ་ཚད་མཐོ་བའི་སྨན་བཅོས་ཞབས་ཞུ་ལོངས་སྤྱོད་ཐུབ་པར་བྱས་ཡོད།