བོད་ལྗོངས་འགྲེམས་ཚོགས་ཀྱི་འགྲེམས་སྟོན་དུས་ཚོད་ནར་འགྱངས་བྱས་པ།
འགྲེམས་ཁང་དང་པོ་ཟླ་7ཚེས་19ཉིན་བར་ནར་འགྱངས་བྱས་པ་དང་། འགྲེམས་ཁང་གཉིས་པ་ཟླ་6ཚེས་26ཉིན་བར་ནར་འགྱངས་བྱས་པ།
གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་སྐབས་ལྔ་པའི་འགྲེམས་ཁང་དང་པོ་ཟླ་6ཚེས་19དང་20ཉིན་གནས་སྐབས་སྒོ་རྒྱག་རྒྱུ་དང་། ཟླ་6ཚེས་21ཉིན་སླར་ཡང་སྒོ་ཕྱེ་ནས་ཟླ་7ཚེས་19ཉིན་བར་ནར་འགྱངས་བྱ་རྒྱུ་རེད། འགྲེམས་ཁང་གཉིས་པའི་ཐོན་རྫས་འགྲེམས་ཚོང་ཟླ་6ཚེས་26ཉིན་བར་ནར་འགྱངས་བྱ་རྒྱུ་རེད། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དང་རྒྱ་ཆེའི་ཡུལ་སྐོར་བས་འགྲེམས་སྟོན་བྱེད་རིང་དུས་ཚོད་ལུགས་མཐུན་ལྟར་བཀོད་སྒྲིག་བྱས་ནས་འཚང་གཡོལ་ངང་ལྟ་སྐོར་བྱེད་ཆོག
ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་འགྲེམས་ཚོགས་སྐབས་ལྔ་པས“དོན་ཆེན་བཞི”དང“འཛུགས་གཏོད་བཞིར”དམིགས་ནས་ཀྲུང་དབྱང་གི་ཐུགས་ཁུར་དང་། མི་རིགས་མཐུན་སྒྲིལ། སྐྱེ་ཁམས་ཤེས་དཔལ་སོགས་འགྲེམས་ཁུལ་17བཀོད་སྒྲིག་བྱས་པ་དེ་ཐོག་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་འོག བོད་དུ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ནས་བོད་ཀྱི་རང་བྱུང་མཛེས་ལྗོངས་དང་། མི་ཆོས་རིག་གནས་ཀྱི་མཛེས་པ། མཐུན་སྒྲིལ་གྱི་མཛེས་ཉམས། སྒོ་དབྱེའི་མཛེས་སྡུག་བཅས་གང་ལེགས་མངོན་པ་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་དང་བདེ་སྐྱིད་འཚོ་བ་མངོན་པར་བྱས་ཡོད། སྐབས་འདིའི་བོད་ལྗོངས་འགྲེམས་ཚོགས་ཐོག་ཁྱད་ལྡན་སྤུས་དག་འགྲེམས་ཁུལ་ཆེ་གྲས་9བཀོད་སྒྲིག་བྱས་པ་དང་། རྒྱལ་ཁབ་16གི་ཕྱི་རྒྱལ་གྱི་ཚོང་པ་75གདན་ཞུས་ལྟར་འགྲེམས་ཚོང་ལ་ཞུགས་པ། ཁེ་ལས་612ཀྱིས་ཐོན་རྫས་རིགས་ཁྲི་ཙམ་ཁྱེར་ནས་འགྲེམས་ཚོང་ལ་ཞུགས་ཡོད།