ཀྲུང་གོ(མཚོ་སྔོན)རྒྱལ་སྤྱིའི་སྐྱེ་ཁམས་དངོས་མང་སྟོན་ཚོགས་སྐབས་གསུམ་པ་འགོ་ཚུགས་པ།
ཟླ་6ཚེས་15ནས་19ཉིན་བར“སྐྱེ་ཁམས་ཀྱི་ཐོན་རྫས་རིན་ཐང་མངོན་འགྱུར་བྱེད། སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད”བརྗོད་དོན་གཙོ་བོར་བྱེད་པའི་ཀྲུང་གོ(མཚོ་སྔོན)རྒྱལ་སྤྱིའི་སྐྱེ་ཁམས་དངོས་མང་སྟོན་ཚོགས་སྐབས་གསུམ་པ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་འཚོགས་པ་རེད། ད་ཐེངས་ཀྱི་དངོས་མང་སྟོན་ཚོགས་རིང་། “སྐྱེ་ཁམས་ཀྱི་ཐོན་རྫས་རིན་ཐང་མངོན་འགྱུར་བྱེད། སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད”པའི་བརྗོད་དོན་གཙོ་བོའི་གླེང་སྟེགས་དང་། 2023ལོའི་སྐྱེ་ཁམས་ཤེས་དཔལ་གྱི་རྒྱལ་སྤྱིའི་སྤེལ་རེས་མཉམ་ལས་གླེང་སྟེགས། དྲ་ཐོག་ཚོང་དོན་གྱི་ལྗང་མདོག་འཕེལ་རྒྱས་ཚོགས་ཆེན། ཚན་རྩལ་གསར་གཏོད་ལ་བརྟེན་ནས་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པར་རམ་འདེགས་བྱེད་པའི་གླེང་སྟེགས། དེ་བཞིན་སྒོ་དབྱེའི་ཉིན་མོའི་བྱེད་སྒོ་སོགས་སྤེལ་ནས་སྐྱེ་ཁམས་ཤེས་དཔལ་སྤེལ་རེས་ལ་སྐུལ་འདེད་དང་སྐྱེ་ཁམས་ཀྱི་རིན་ཐང་གཞན་སྒྱུར་ལ་སྐུལ་འདེད་བཏང་ཡོད།
“སྐྱེ་ཁམས”ཀྱི་བརྗོད་དོན་གཙོ་བོར་དམིགས་ནས་ཟི་ལིང་གྲོང་ཁྱེར་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་ཀྱི་འགྲེམས་ཁང་Aརུ། སྐབས་འདིའི་དངོས་མང་སྟོན་ཚོགས་ལ་་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཐོན་རྫས་རིན་ཐང་མངོན་འགྱུར་གྱི་ཆེད་མངགས་ཞུགས་པའི་གྱོད་དཔེའི་འགྲེམས་ཁུལ་དང་མཚོ་སྔོན་གྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པའི་དཔེ་མཚོན་གྱོད་དཔེའི་འགྲེམས་ཁུལ་བཙུགས་པ་དང་། ཡུན་ནན་དང་། ཧྲན་ཤིས། ནང་སོག ལེའོ་ཉིང་། ཨན་ཧུའེ་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་10ལྷག་ཙམ་གྱིས་སྐྱེ་ཁམས་ཤེས་དཔལ་གྱི་འཛུགས་སྐྲུན་གྱི་ཕན་འབྲས་གཅིག་སྡུད་བསྟན་ཡོད། མཚོ་སྔོན་གྱིས་དཔེ་མཚོན་གྱོད་དཔེ་མཚམས་སྦྱོར་དུ་བྱས་ཏེ་ཚྭ་ཁ་མཚོ་སོགས་དཔེ་མཚོན་ཁེ་ལས་དང་ལས་རིགས་ཀྱི་ཐབས་ལམ་རྣམ་པ་དང་ཕན་འབྲས་ཀྱི་གྲུབ་འབྲས་ངོ་སྤྲོད་བྱས་ཡོད།
འགྲེམས་ཚོགས་ཀྱིས་འབྲེལ་ཟམ་བྱས་ནས་སྐྱེ་ཁམས་ཐོན་རྫས་ཀྱི་འགྲེམས་ཚོང་ཕུད། མཚོ་སྔོན་གྱིས་ཀྱང་སྐྱེ་ཁམས་དངོས་མང་སྟོན་ཚོགས་ལ་བརྟེན་ཏེ“ཅང་སུའུ—མཚོ་སྔོན་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་ངོ་འཕྲད་གྲོས་མོལ་ཚོགས་འདུ”འཚོགས་པ་རེད། ཞིང་ཆེན་གཉིས་སུ་ཁྱོན་ཚོང་ལས་མཐུན་ཚོགས་དང་། ཁེ་ལས། ཚན་པ་བཅས་བརྒྱ་ལྷག་ཙམ་ངོ་འཕྲད་གྲོས་མོལ་ཚོགས་འདུར་ཞུགས་ནས་གན་རྒྱ་འཇོག་པའི་རྣམ་གྲངས་10དང་གན་རྒྱ་བཞག་པའི་དངུལ་འབོར་སྒོར་དུང་ཕྱུར་10ལྷག་ཙམ་ཟིན་ཡོད།
སྐབས་འདིའི་དངོས་མང་སྟོན་ཚོགས་ནི་ཚོང་དོན་པུའུ་དང་། སྐྱེ་ཁམས་ཁོར་ཡུག་པུའུ། ཀྲུང་གོ་ཚོང་དོན་སྐུལ་འདེད་ཨུ་ལྷན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་ཚོང་དོན་རྩ་འཛུགས་སོགས་རྒྱལ་སྤྱིའི་རྩ་འཛུགས་12དང་ཕྱི་རྒྱལ་གྱི་སྒྲིག་གཞིའི་འཐུས་མི། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་31གི་སྲིད་གཞུང་དང་དཔལ་འབྱོར་ཚོང་དོན་གྱི་འཐུས་མི། ཀང་ཨའོ་ཐའེ་ས་ཁུལ་གྱི་བཟོ་ཚོང་རིགས་ཁོངས་ཀྱི་འཐུས་མི། རྒྱལ་ཁབ་37གྱི་ཀྲུང་གོར་བཅའ་སྡོད་ཕྱི་འབྲེལ་དཔོན་དང་ཚོང་ལས་མཐུན་ཚོགས་དང་ཁེ་ལས་ཀྱི་འཐུས་མི་འགྲེམས་སྟོན་དང་ཚོགས་འདུར་ཞུགས་ཡོད་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། སྐྱེ་ཁམས་དངོས་མང་སྟོན་ཚོགས་བརྒྱུད་མཚོ་སྔོན་གྱིས་སྐྱེ་ཁམས་ཐོན་ལས་ཅན་དང་ཐོན་ལས་སྐྱེ་ཁམས་ཅན་ལ་བརྟེན་ནས་ཁྲོམ་ར་ཅན་གྱི་གཉེར་སྐྱོང་དང་རྒྱུན་མཐུད་ཆོག་པའི་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་གྱི་ཐབས་ལམ་གང་མགྱོགས་འཐུས་སྒོ་ཚང་དུ་གཏོང་བ་དང་། རི་སྔོ་ཆུ་དྭངས་གསེར་རི་དངུལ་རིར་སྒྱུར་བའི་སྲིད་ཇུས་ཀྱི་ལམ་ལུགས་མ་ལག་ནུས་ཤུགས་ཡོད་རྒུས་གཏོད་པ། མཚོ་སྔོན་གྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་རྒྱུན་མཐུད་གཏོད་པ་བཅས་བྱེད་ཀྱི་ཡོད་པ་རེད།