པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་བོད་དུ་ཕེབས་འབྱོར་ཟིན་ནས་ཆབ་མདོར་སྤྱི་ཚོགས་དང་ཆོས་ཕྱོགས་ཀྱི་མཛད་སྒོ་སྤེལ་བ།
ཟླ་6ཚེས་5ཉིན་ནས་ཚེས་17ཉིན་བར། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་བཅས་ཡིན་པའི་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་བོད་དུ་ཕེབས་འབྱོར་ཟིན་ནས་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་དང་། གོ་འཇོ་རྫོང་། སྨར་ཁམས་རྫོང་། བྲག་གཡབ་རྫོང་། ཆབ་མདོ་གྲོང་ཁྱེར་གྱི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ། ཁ་རུབ་ཆུས། སྟེང་ཆེན་རྫོང་། རི་བོ་ཆེ་རྫོང་སོགས་སུ་ཕེབས་ནས་སྤྱི་ཚོགས་དང་ཆོས་ཕྱོགས་ཀྱི་མཛད་སྒོ་སྤེལ་གནང་བ་རེད།
ཟླ་6ཚེས་5ཉིན་པཎ་ཆེན་རིན་པོ་ཆེ་རླངས་འཁོར་ལ་བཞུགས་ནས་འཇོ་མདར་ཕེབས་སྐབས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀརྨ་ཚེ་བརྟན་དང་། ཀུང་ཧུའེ་ཚའེ། ས་ལུང་ཕུན་ལགས་བཅས་ཕེབས་བསུར་བཅར་ཡོད། མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣས་པཎ་ཆེན་རིན་པོ་ཆེ་ཕེབས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་རེད།
བོད་ལྗོངས་གཡུ་ལུང་ཟངས་ལས་མ་རྐང་ཚད་ཡོད་ཀུང་སི་ནི་པཎ་ཆེན་རིན་པོ་ཆེས་བོད་དུ་རྟོག་ཞིབ་སློབ་སྦྱོང་གནང་སའི་ས་ཚིགས་དང་པོ་རེད། པཎ་ཆེན་རིན་པོ་ཆེ་ཀུང་སིའི་འགྲེམས་ཁང་དང་བཀོད་གཏོང་བཀོད་འདོམས་ལྟེ་གནས་སུ་ཕེབས་ནས་ཀུང་སིའི་འཕེལ་རྒྱས་དང་ཐོན་སྐྱེད་གཉེར་སྐྱོང་གི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། ཀུང་སིའི་འགན་འཁུར་བར་བདེ་འཇགས་ཐོན་སྐྱེད་ལ་དམ་འཛིན་ཡག་པོ་བྱེད་པ་དང་། ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་མཐའ་འཁྱོངས་བཅས་བྱས་ནས་ཁེ་ལས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་པའི་སྐུལ་ལྕག་གནང་བ་རེད།
གོ་འཇོ་རྫོང་བོད་ཤར་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སིས་ཚད་ལྡན་ཅན་གྱི་གསོ་ཚགས་བྱས་པ་བརྒྱུད། ངག་དབང་ལུག་གཞི་ཁྱོན་ཅན་གྱི་གསོ་ཚགས་མངོན་འགྱུར་བྱུང་ནས་འབྲོག་ལས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་དང་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་བརྟན་པོར་སྣེ་ཁྲིད་ཐུབ་པ་མཁྱེན་རྗེས། པཎ་ཆེན་རིན་པོ་ཆེས་ཀུང་སིའི་འགན་འཁུར་བར་དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོང་གི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ་དང་གསོ་ཚགས་ཀྱི་གཞི་ཁྱོན་ཆེ་རུ་བཏང་ནས་ཞིང་འབྲོག་མང་ཚོགས་ལ་ཡོང་འབབ་དེ་བས་མང་བ་ཡོང་བར་སྣེ་ཁྲིད་བྱེད་དགོས་པའི་ལྕག་སྐུལ་གནང་བ་རེད།
མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་རེད། པཎ་ཆེན་རིན་པོ་ཆེ་སྨར་ཁམས་རྫོང་འཇང་མི་རིགས་གྲོང་ཚོའི་མི་རིགས་འཆམ་མཐུན་ཁྱིམ་ཚང་ཚེ་རིང་རིག་འཛིན་གྱི་ཁྱིམ་དུ་ཕེབས་ནས་ཁྱིམ་ཚང་གི་དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་གསན་པ་མ་ཟད། སྨར་ཁམས་རྫོང་གི་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མི་དང་བཞུགས་མོལ་ཡང་གནང་བ་རེད། པཎ་ཆེན་རིན་པོ་ཆེས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག བོད་དུ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་སྐོམ་པ་ཆུ་འདོད་ལྟར་རེ་སྒུག་བྱས་པའི་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང་ཡོད། ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་ཏང་གིས་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་གནང་བ་དང་མི་རིགས་ཁག་གིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱས་པ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་བཏང་བ་ལས་བྱུང་བ་ཞིག་རེད། ང་ཚོས་ཏང་གི་འགོ་ཁྲིད་ལ་མཐའ་གཅིག་ཏུ་བརྩི་བསྲུང་ཞུ་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གི་གནས་བབ་ལ་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་ཞུ་བ་དང་སྲུང་སྐྱོང་བྱེད་པ། ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་མུ་མཐུད་བརྟན་པོར་འཛུགས་པ་དང་། རང་ཉིད་ཀྱི་མིག་ལ་གཅེས་སྤྲས་བྱེད་པ་བཞིན་མི་རིགས་མཐུན་སྒྲིལ་ལ་གཅེས་སྐྱོང་བྱེད་པ། འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་ཤུགས་སྣོན་རྒྱག་པ། “མོས་སེམས་ལྔ”ཟབ་ཏུ་གཏོང་བ་བཅས་ཀྱིས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་ཧུར་ཐག་འབུལ་དགོས་ཞེས་གསུངས་པ་རེད།
ཆབ་མདོ་གྲོང་ཁྱེར་གྱི་བོད་བརྒྱུད་ནང་བསྟན་ལས་རིགས་དང་བཞུགས་མོལ་གནང་སྐབས། པཎ་ཆེན་རིན་པོ་ཆེས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་མི་སྣས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ“འདུ་ཤེས་གསུམ”གྱི་སློབ་གསོ་ཏན་ཏིག་སྤེལ་བ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་དུ་གཏོང་བ། ཏང་གི་འགོ་ཁྲིད་ལ་མཐའ་གཅིག་ཏུ་བརྩི་སྲུང་ཞུ་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གི་གནས་བབ་ལ་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་ཞུ་བ་དང་སྲུང་སྐྱོང་བཅས་བྱས་ཏེ་ཆོས་ལུགས་ཀྱི་ལངས་ཕྱོགས་དང་ཆབ་སྲིད་ཀྱི་ལངས་ཕྱོགས་གཅིག་མཐུན་ཡོང་བར་བྱེད་དགོས། ཉམས་འགྱུར་བཟང་པོར་བརྟེན་ནས་ཆོས་ལུགས་ཀྱི་ཡོན་ཚད་དང་ཆོས་ལུགས་ཀྱི་ཀུན་སྤྱོད་ཟུང་འབྲེལ་བྱེད་དགོས། ནུས་པ་བཏོན་ནས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་བྱེད་དགོས། རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱིས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་བྱས་ནས་རང་རྟོགས་ངང་ཁ་ཕྲལ་ཕྱོགས་གཏོགས་དང་འཐབ་རྩོད་བྱེད་དགོས། རང་རྟོགས་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རླབས་ཆེན་ལག་ལེན་ལ་ཧུར་ཐག་ཞུགས་ཏེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་བོད་ཀྱི་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས་ཞེས་གསུངས་པ་རེད།