དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཕྱི་རྒྱལ་གྱི་ཚོང་པའི་སྤུས་ལེགས་ཚོང་ཟོག་བོད་ལྗོངས་འགྲེམས་ཚོགས་སྐབས་ལྔ་པར་བྲིན་ཁ་རྒྱུག་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-19

    ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་སྐབས་ལྔ་པའི་ཐོག་ཀྲུང་གོའི་བོད་ལྗོངས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་འཕེལ་རྒྱས་ཀྱི་མདུན་ལམ་དང་སྟོབས་དང་ལྡན་པའི་སྒོ་དབྱེའི་གདེང་ཚོད་ལས་ནེ་པ་ལ་དང་། ཐེ་ལན། ཕ་ཁི་སི་ཐན། འབྲུག་ཡུལ། དབྱི་རན་སོགས་རྒྱལ་ཁབ་16གི་ཁེ་ལས་75ཡིས“སྤུས་ལེགས་ཚོང་ཟོག”བོད་ལ་འཁྱེར་ཡོང་བའི་ཡིད་དབང་བཀུག་ཡོད་པ་རེད།

    “བོད་ལྗོངས་འགྲེམས་ཚོགས་སྐབས་གོང་མར་ཞུགས་སྐབས་ངས་ཁྱེར་བའི་ས་གདན་ཚང་མ་བྲིན་སོང་བས། ད་ཐེངས་ང་ཚོས་ཆེད་མངགས་ཚོང་ཟོག་མང་ཙམ་ཁྱེར་ཡོད”ཅེས་ནེ་པ་ལའི་ས་གདན་ཚོང་པ་ཨ་མར(AM-AR)གྱིས་སྐབས་འདིའི་བོད་ལྗོངས་འགྲེམས་ཚོགས་མ་འཚོག་གོང་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བརྗོད། འགྲེམས་ཚོགས་ལ་ཞུགས་མཁན་གཅིག་པ་ཡིན་པའི་དབྱི་རན་གྱི་ཚོང་པ་མུའུ་སེན(MOHSEN)གྱིས་ཀྱང“ཟླ་བ་གོང་མར་ང་རང་ལྷ་སར་ཚོང་ཟོག་འགྲེམས་ཚོགས་ལ་ཞུགས་པར་ཡོང་སྐབས་ཁྱེར་བའི་དབྱི་རན་གྱི་ས་གདན་བརྒྱ་ཕྲག་ཁ་ཤས་བྲིན་ཁ་རྒྱུག་པོ་བྱུང་སོང་། ད་ཐེངས་བོད་ལྗོངས་འགྲེམས་ཚོགས་ཀྱི་གདན་ཞུའི་ཡི་གེ་འབྱོར་སྐབས་ངས་འཕྲལ་དུ་འགྲེམས་ཚོགས་ལ་ཞུགས་རྒྱུའི་གྲ་སྒྲིག་བྱས་པ་དང་ཆབས་ཅིག་ཚོང་ཟོག་དེ་བས་མང་བ་ཁྱེར་ཡོད་པས་དེ་སྔོན་ནང་བཞིན་བྲིན་ཁ་རྒྱུག་པོ་ཡོང་བའི་རེ་བ་བྱེད་ཀྱི་ཡོད”ཅེས་བརྗོད།

    བོད་ལ་འཛད་སྤྱོད་ནུས་པ་ཆེན་པོ་ལྡན་པས་ཕྱི་རྒྱལ་གྱི་ཚོང་པར་ངར་ཤུགས་ཆེན་པོ་འཕེལ་ཞིང་། ཚེས་17ཉིན་སྐབས་འདིའི་བོད་ལྗོངས་འགྲེམས་ཚོགས་ཀྱི་འགྲེམས་སྟོན་བྱ་ཡུལ་དུ་མི་འཚང་ཁ་ཤིག་ཤིག་ཡོད་པ་དང་འགྲེམས་ཁང་གི་ཕྱི་རོལ་དུ་བང་རིང་པོ་བསྒྲིགས་ཏེ་འགྲེམས་ཁང་དུ་འཛུལ་རྒྱུ་སྒུག་ནས་བསྡད་ཡོད་པ་དང་། འགྲེམས་ཁང་ནང་ཁུལ་གྱི་ཕྱི་རྒྱལ་ཚོང་པའི་འགྲེམས་སྟེགས་ཚང་མའི་མདུན་དུ་མི་ཚོགས་ཀྱིས་ཁེངས་འདུག འབྲུག་ཡུལ་གྱི་ཤིང་ཕོར་དང་གྱོན་ཆས་དང་། ནེ་པ་ལའི་ཁུ་ལུའི་སྟོད་ལྷེབ་དང་དངུལ་ཕོར། དབྱི་རན་གྱི་རྫ་ཆས་དང་ཤིང་ཏོག་སོགས་འཛད་སྤྱོད་པས་འཚང་ཁ་ཤིག་ཤིག་ངང་ཉོ་བཞིན་ཡོད་པ་རེད།

    བྲིན་ཁ་ཧ་ཅང་རྒྱུག་པོ་བྱུང་བས་ཕ་ཁི་སི་ཐན་གྱི་ཚོང་པ་ཨེ་ཏི(AIDI)དགའ་སྤྲོ་རབ་ཏུ་འཕེལ་བ་དང་། ཁོང་གི་འགྲེམས་སྟེགས་ཐོག་གི་གཡང་ཊིའི་ལག་ཤེས་བཟོ་རྩལ་ཐོན་རྫས་མ་བྲིན་པའི་སེམས་ཁྲལ་མེད་ཅིང་། ཁོང་གིས“འདི་གའི་མི་རྣམས་ཀྱིས་གོང་ཚད་འགྲིག་མ་ཐག་ཉོ་གི་འདུག ངའི་ཚོང་ཟོག་བྲིན་ཁ་ཧ་ཅང་རྒྱུག་པོ་འདུག”ཅེས་བརྗོད། ཆུ་ཚོད་གཅིག་ལྷག་ཙམ་རིང་བཙོངས་པ་བརྒྱུད་ཁོང་གིས་ལས་མི་འགྲེམས་གནས་སུ་བཀོད་སྒྲིག་བྱས་ནས་རང་ཉིད་ཉེ་འགྲམ་གྱི་ཚོང་རོགས་ལ་རིན་གོང་དེ་བས་མཐོ་བའི་ནོར་རྡོ་དང་གཡང་ཊི་སོགས་ནོར་བུའི་རིགས་ཀྱི་རྒྱན་ཆ་འཚོང་རོགས་བྱེད་པར་བསྐྱོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།