དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པར་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་། 2023ལོའི་ཟླ་9ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་གྱི་ཡོད་པ།

    མཚོ་བོད་ས་མཐོའི་རང་བྱུང་སྐྱེ་ཁམས་ལ་སྲུང་སྐྱོང་ཡག་པོ་བྱེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཆི་ཡུས་ཁུན།   |     སྤེལ་དུས།  2023-06-19

    འདི་ནི་མཚོ་བོད་ས་མཐོའི་རང་བྱུང་མཛེས་ལྗོངས་ཡིན་པ།

    འདི་ནི་སི་ཁྲོན་རྔ་པའི་མི་དམངས་ཉེན་རྟོག་པས་དམར་ཕྱིའི་འོད་ཀྱི་པར་ཆས་ལ་བརྟེན་ནས་རི་སྐྱེས་སྲོག་ཆགས་ལ་ལྟ་བཞིན་པ།

    འདི་ནི་བོད་ལྗོངས་ཆབ་མདོའི་སྨར་ཁམས་ཡུན་ནན་སྤྲེའུ་སྤུ་སེར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་བདག་སྐྱོང་བ་ཚོས་སྐོར་གཡེང་བྱེད་བཞིན་ཡོད་པ།

    འདི་ནི་མཚོ་སྔོན་ཡུལ་ཤུལ་གྱི་ཁུ་ཁུ་ཤི་རིའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་གཙོད་ཡིན་པ།

    འདི་ནི་ལན་ཀྲོའུ་སློབ་ཆེན་དང་ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་ཞིབ་འཇུག་སུའོ་སོགས་ལས་གྲུབ་པའི་ཚན་ཞིབ་ཚོགས་པས་མཚོ་བོད་ས་མཐོའི་བྱང་ཤར་རྒྱུད་ཀྱི་བྲག་དཀར་ཞུན་ཕུག་གི་གནའ་ཤུལ་དུ་ས་རྒྱུའི་ཕུང་གསོག་དངོས་པོའི་མ་དཔེ་ལེན་བཞིན་པ།

    འཛམ་གླིང་ཡང་རྩེ་དང་ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག་ཅེས་སུ་གྲགས་པའི་མཚོ་བོད་ས་མཐོ་ནི་ཡུལ་སྐོར་གྱི་གནས་མཆོག་ཡིན་པ་མ་ཟད། རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་གལ་ཆེན་ཞིག་ཀྱང་ཡིན་པས། སྐྱེ་ཁམས་སྲུང་སྐྱོང་གི་གནས་བབ་དམིགས་བསལ་ཡིན་པ་དང་ཁྲིམས་འཛུགས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད།

    2023ལོའི་ཟླ་4ཚེས་26ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པར《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས》ལ་གྲོས་འཆམ་བྱུང་ནས་2023ལོའི་ཟླ་9ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་གྱི་ཡོད་པ་རེད།

    “མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་བཟོ་བ་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འགན་ལེན་དང་སྐྱེ་ཁམས་ཀྱི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པའི་ཕྱི་རོལ་ཡུལ་གྱི་བླང་བྱ་ཞིག་དང་། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་གི་དམིགས་བསལ་གནད་དོན་ཐག་གཅོད་དང་མཚོ་བོད་ས་མཐོའི་མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པར་ལན་འདེབས་པའི་དངོས་ཡོད་ཀྱི་དགོས་མཁོ་ཞིག་རེད” རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་ལས་དོན་ཨུ་ལྷན་སྲིད་འཛིན་ཁྲིམས་ལུགས་ཁང་གི་ཀྲུའུ་རེན་ཡོན་ཅེ་ཡིས། བཅའ་ཁྲིམས་དེས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ལ་རྩ་བ་སྲ་བརྟན་དང་། སྔོན་དཔག་བརྟན་པོ། ཕུགས་ལ་ཕན་པ་བཅས་ཀྱི་ནུས་པ་ཐོན་ནས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ལ་ཤུགས་སྣོན་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྲུན། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད་པས། མཚོ་བོད་ས་མཐོའི་རང་བྱུང་སྐྱེ་ཁམས་ཡག་པོ་སྲུང་བར་ཁྲིམས་སྐྱོང་གི་འགན་ལེན་བྱས་ཡོད་ཅེས་བཤད་པ་རེད།

    མཚོ་བོད་ས་མཐོའི་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་སྲུང་སྐྱོང་ལ་ཤུཌ་སྣོན་བརྒྱབ་པ།

    ཚང་ཚིང་གཡུ་ལོ་རྒྱས་པ་དང་། ཆུ་བོ་ཤང་ཤང་དུ་རྒྱུག་པ། གནའ་བ་ཁྱུ་དང་ཁྱུ་ཅི་དགར་རྒྱུ་བ་བཅས་ནི་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་སྐྱེ་ཁམས་བདག་སྐྱོང་བ་ཚོས་སྐོར་ཞིབ་བྱེད་རིང་རྒྱུན་དུ་མཐོང་བའི་རྣམ་པ་ཞིག་རེད།

    “མཚོ་བོད་ས་མཐོའི་དམིགས་བསལ་གྱི་ས་དབྱིབས་དང་གནམ་གཤིས་ཀྱི་ཆ་རྐྱེན་ལས་ས་མཐོའི་དམིགས་བསལ་གྱི་སྐྱེ་དངོས་འབོར་ཆེན་ཞིག་གྲུབ་ཅིང་། དེ་ནི་སའི་གོ་ལའི་སྐྱེ་དངོས་ཀྱི་གཞི་རྒྱུ་རྩ་ཆེན་གྱི་མཛོད་ཅིག་རེད། ད་ཆ་མཚོ་བོད་ས་མཐོར་རྩ་ཆེའི་རི་སྐྱེས་སྲོག་ཆགས་སྣ་ཚོགས་མཐོང་རྒྱུ་ཡོད་པ་དེ་གནས་ཚུལ་གསར་པ་ཞིག་གཏན་ནས་མིན། ཉེ་བའི་ལོ་ཤས་རིང་འབྲོང་དང་། གཙོད། ཁྲུང་ཁྲུང་སྐེ་ནག་སོགས་རང་བྱུང་ཁྱུ་ཚོགས་ཀྱི་གྲངས་འབོར་མངོན་གསལ་དོད་པོས་སླར་གསོ་དང་མང་དུ་ཕྱིན་ཡོད” མཚོ་བོད་ས་མཐོའི་སྐྱེ་དངོས་དང་སྐྱེ་ཁམས་ཞིབ་འཇུག་ལ་གཞོལ་ནས་བགྲང་བྱ་30ལྷག་ཙམ་སོང་བའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་བོད་ལྗོངས་སློབ་ཆེན་སྐྱེ་ཁམས་ཁོར་ཡུག་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ལྷག་ཆུང་གིས་མཚོ་བོད་ས་མཐོའི་སྐྱེ་ཁམས་ཁོར་ཡུག་གི་གོ་ལ་ཧྲིལ་པོའི་འགྱུར་ལྡོག་ལ་ཚོར་བ་སྐྱེན་པ་དང་། ཕྱི་རོལ་གྱི་འགལ་རྐྱེན་ནུས་འགོག་ཞན་པ། སྐྱེ་ཁམས་མ་ལག་ཉམས་ཞན་སླར་གསོ་འགོར་བ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད། དེའི་སྐྱེ་ཁམས་མ་ལག་གི་སྤུས་ཚད་དང་ནུས་པའི་གནས་ཚུལ་གྱིས་རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་དང་སྐྱེ་དངོས་སྣ་མང་རང་བཞིན་སོགས་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ཀྱི་ཡོད་ཅེས་བཤད།

    མཚོ་སྔོན་པོ་ནི་མཚོ་བོད་ས་མཐོའི་བྱང་ཤར་རྒྱུད་དུ་གནས་པ་དང་མཚོ་སྔོན་པོའི་གསེར་ཉ་ནི་དེའི་དམིགས་བསལ་གྱི་སྲོག་ཆགས་ཤིག་རེད། མཚོའི་མཐའ་འཁོར་གྱི་ཆུ་བོ་40ལྷག་ཙམ་དང་དེ་བཞིན་ཆུ་མིག་མང་པོ་ཞིག་ལས་རྒྱ་ཁྱོན་ཆེ་བའི་ས་མཐོའི་འདམ་ར་ཆགས་ནས་དེ་བྱ་རིགས་གནས་སྤོ་དང་འཚོ་སྡོད་སྐྱེ་འཕེལ་གྱི་ཞིང་ཁམས་ཤིག་ཏུ་གྱུར་ཡོད།

    མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་ཁྱབ་བསྒྲགས་བྱེད་ཉེའི་མཚམས་སུ་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་གི་དཔེ་མཚོན་གྱོད་དཔེ་ཁག་གཅིག་ཁྱབ་བསྒྲགས་བྱས་པའི་ནང་གི་གྱོད་དཔེ་གཅིག་ནི་མཚོ་སྔོན་པོ་དང་འབྲེལ་བ་ཡོད།

    2021ལོའི་ཟླ་8པར། ཐང་ཆེ་གེ་མོ་སོགས་མི་གསུམ་གྱིས་མཚོ་སྔོན་པོ་སྐོར་བའི་ཤར་ལམ་ལུག་རའི་ཉེ་འགྲམ་དུ་བསྐྱོད་དེ་འགྱིག་གྲུ་དང་། འཕྲུལ་གྲུ ཉ་རྒྱ། ཆུ་འཛུལ་དོར་མ་སོགས་ཀྱི་ཡོ་བྱད་སྤྱད་ནས་མཚོ་སྔོན་པོའི་གསེར་ཉ་བཟུང་། ཉིན་གཉིས་པའི་ཐོ་རེངས་ལ་ཐང་ཆེ་གེ་མོས་ཉ་བླུགས་པའི་རླངས་འཁོར་བཏང་ནས་ཕྱིར་ལོག་པའི་དུས་སུ་རླངས་འཁོར་གཞོགས་གཅིག་ལ་ཨ་སློག་བརྒྱབ་པས་ཁྲིམས་བསྒྱུར་ཉེན་རྟོག་པས་རྩད་ཆོད་པ་རེད། ཕྱིས་སུ་ཁྲིམས་ལས་འགལ་ཏེ་ཆུའི་ཐོན་རྫས་བཟུང་བའི་བྱས་ཉེས་ལྟར་ཟི་ལིང་གྲོང་ཁྱེར་གྲོང་ནུབ་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་ཐང་ཆེ་གེ་མོ་སོགས་མི་གསུམ་ལ་གཏུག་བཤེར་བྱས་པ་དང་དུས་མཚུངས་ཞོར་འབྲེལ་དམངས་དོན་སྤྱི་ཕན་ཡང་གཏུག་བཤེར་བྱས། ཟི་ལིང་གྲོང་ཁྱེར་གྲོང་ནུབ་ཆུས་མི་དམངས་ཁྲིམས་ཁང་གིས་ཐང་ཆེ་གེ་མོ་སོགས་ལ་དུས་བཀག་བཙོན་འཇུག་ཟླ་བཅུ་ནས་བཙན་ཉར་ལས་སྐུལ་ཟླ་བ་དྲུག་བར་གྱི་ཁྲིམས་ཐག་མི་འདྲ་བ་བཅད་པ་དང་། ཉེས་གསོག་ཡོ་བྱད་གཞུང་བཞེས་བཏང་བ་དང་དུས་མཚུངས། ཁོ་ཚོར་སྐྱེ་ཁམས་ཉམས་གསོའི་འགྲོ་གྲོན་མཉམ་དུ་འཇལ་དགོས་པའི་ཁྲིམས་ཐག་བཅད་པ་མ་ཟད། སྐྱེ་འཕེལ་དང་ཉ་ཕྲུག་གློད་དུ་བཅུག་ནས་གནོད་འཚེ་ཕོག་པའི་སྐྱེ་ཁམས་ཁོར་ཡུག་དུས་ཐོག་ཏུ་ཉམས་གསོ་བྱེད་དུ་བཅུག་པ་རེད།

    “ལག་བསྟར་བྱེད་ཉེར་ཡོད་པའི་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་སུ་སྐྱེ་ཁམས་ཁོར་ཡུག་ལ་གནོད་འཚེ་གཏོང་མཁན་གྱིས་ཉམས་གསོའི་འགན་འཁྲི་འཁུར་བ་དང་། གྱོང་གུན་ཁ་གསབ། འབྲེལ་ཡོད་འགྲོ་གྲོན་འཇལ་བ་བཅས་ལ་འབྲེལ་ཡོད་གཏན་འབེབས་བཟོས་ཡོད” གྱོད་སྒྲུབ་ཁྲིམས་དཔོན་གྱིས་སླད་ཕྱིན་གྱོད་གཞི་དེ་རིགས་ཐག་གཅོད་བྱེད་པར་དེ་བས་ཁྲིམས་ཀྱི་གཞི་འཛིན་ས་ཡོད་པ་དང་ཁྲིམས་བསྒྱུར་ལས་ཁུངས་ཀྱིས་ལམ་ལུགས་ནན་ཤོས་དང་ཁྲིམས་སྐྱོང་ནན་ཤོས་ལག་བསྟར་དོན་འཁྱོལ་བྱས་ཏེ་ཁོར་ཡུག་ཐོན་ཁུངས་ཀྱི་འདྲི་གཅོད་འགན་ནུས་གང་ལེགས་འདོན་པ་དང་། མཚོ་བོད་ས་མཐོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་ཕན་པ་ཡོད་ཅེས་བརྗོད་པ་རེད།

    གཙང་པོ་དང་ཆུ་བོ་མང་པོ་ཞིག་མཚོ་བོད་ས་མཐོ་ནས་བྱུང་ཞིང་། གནས་དེར་ད་དུང་རྩ་ཆེའི་རི་སྐྱེས་སྲོག་ཆགས་མང་པོ་འཚོ་སྡོད་བྱེད་ཀྱི་ཡོད། གངས་རི་ནས་རྩྭ་ཐང་བར་དང་ནགས་ཚལ་ནས་མཚོ་མོའི་བར་སོགས་གངས་ལྗོངས་ས་མཐོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་སྔར་ནས་བཟུང་མཐོང་ཆེན་བྱས་དང་བྱེད་མུས་རེད།

    ཡོན་ཅེ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་སུ་རྒྱལ་ཁབ་ཀྱིས་མཚོ་བོད་ས་མཐོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་འདུ་འགོད་གལ་ཆེན་ལག་བསྟར་གྱིས་སྐྱེ་དངོས་སྣ་མང་རང་བཞིན་ལ་གཏོར་བརླག་མི་གཏོང་བའི་གཏན་འབེབས་བྱས་ཤིང་། དུས་མཚུངས་རྩ་ཆེ་ལ་སྟོངས་ཉེར་ཡོད་པའམ་ཡང་ན་དམིགས་བསལ་གྱི་རི་སྐྱེས་སྲོག་ཆགས་དང་རྩྭ་རྩི་ཤིང་གི་རིགས་རང་བྱུང་འདུ་འཛོམས་བྱ་ཡུལ་དང་འཚོ་གནས་བྱེད་ས་སོགས་ས་ཁོངས་ལ་ཁྲིམས་ལྟར་རྒྱལ་ཁབ་སྤྱི་གླིང་དང་། རང་བྱུང་སྲུང་སྐྱོང་ཁུལ། རང་བྱུང་སྤྱི་གླིང་སོགས་རང་བྱུང་སྲུང་སྐྱོང་བྱ་ཡུལ་འཛུགས་པ་ཁ་གསལ་བཟོས་ཡོད་པ་མ་ཟད། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་རིགས་ཀྱི་བརྟག་དཔྱད་བྱས་ནས་རི་སྐྱེས་སྲོག་ཆགས་ཀྱི་འཚོ་གནས་བྱེད་ས་དང་། སྐྱས་སྤོས་བགྲོད་ལམ། རི་སྐྱེས་རྩི་ཤིང་གི་གདོད་མའི་ས་ཆ་བཅས་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མཚོ་བོད་ས་མཐོའི་རྩ་ཆེ་ལ་སྟོངས་ཉེར་ཡོད་པའམ་དམིགས་བསལ་གྱི་རི་སྐྱེས་རྩི་ཤིང་གི་རིགས་ལ་གཙོ་གནད་སྲུང་སྐྱོང་དང་འབྲེལ་ཡོད་ཀྱི་མིང་གཞུང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་སོགས་ཀྱི་བླང་བྱ་བཏོན་ཡོད་པ་རེད།

    “བཅའ་ཁྲིམས་དེས་ད་དུང་སྐྱེ་དངོས་སྣ་མང་རང་བཞིན་གྱི་ལྟ་ཞིབ་ཚད་ལེན་གྱི་དྲ་རྒྱའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། སྐྱེ་དངོས་སྣ་མང་རང་བཞིན་ཁྱབ་ཁོངས་ཀྱི་ཚན་རྩལ་གནད་དོན་གལ་ཆེན་ལ་ཞིབ་འཇུག་དང་ཚན་རྩལ་གྱི་རྨང་གཞིའི་སྒྲིག་བཀོད་གལ་ཆེན་འཛུགས་སྐྲུན་ལ་ཤུགས་སྣོན། རྩ་ཆེ་ལ་སྟོངས་ཉེར་ཡོད་པའམ་ཡང་ན་དམིགས་བསལ་དུ་ཡོད་པའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་རིགས་མྱུར་སྐྱོབ་དང་གནས་སྤོ་སྲུང་སྐྱོང་སོགས་ལ་ཤུགས་སྣོན་རྒྱག་པ་བཅས་ལ་གཏན་འབེབས་བྱས་ཡོད”ཅེས་ལྷག་ཆུང་གིས་བཤད།

    གངས་རི་དང་། འཁྱགས་རོམ། འཁྱགས་ས་སོགས་ལ་དམིགས་བསལ་རང་བཞིན་གྱི་སྲུང་སྐྱོང་བླང་བྱ་བཏོན་པ།

    མཚོ་བོད་ས་མཐོར་སྔར་ནས་བཟུང་ས་གོ་ལའི་གླིང་སྣེ་གསུམ་པ་ཞེས་འབོད་སྲོལ་ཡོད་ལ། གངས་རི་འཁྱག་རོམ་དང་འཁྱགས་ས་རྒྱ་ཆེན་པོ་ཡོད། གནམ་གྲུ་ནས་ཐང་ལ་བལྟས་ན་མུ་སྦྲེལ་གྱི་རི་ཚོགས་ཁ་བས་གཡོགས་ཏེ་ཧ་ཅང་བརྗིད་ཉམས་ལྡན།

    “མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་ཀྱིས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་གི་འགལ་བ་གཙོ་བོ་དང་། དམིགས་བསལ་གྱི་གནད་དོན། མངོན་གསལ་དོད་པའི་ཁྱད་ཆོས་བཅས་ལ་དམིགས་ཏེ་རི་ཆུ་ནགས་ཞིང་དང་མཚོ་རྩྭ་བྱེ་འཁྱགས་བཅས་ལ་སྡེབ་གཅིག་ཏུ་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་མཐའ་འཁྱོངས་བྱེད་པ་དང་དུས་མཚུངས། མཚོ་བོད་ས་མཐོའི་དམིགས་བསལ་དང་མངོན་གསལ་དོད་པའི་གནད་དོན་ལ་གཞིགས་ཏེ་དམིགས་སའི་རང་བཞིན་ལྡན་པའི་བྱེད་ཐབས་བཟོས་ཡོད” གངས་རི་འཁྱགས་རོམ་དང་ས་མཐོའི་འཁྱགས་ས་ནི་མཚོ་བོད་ས་མཐོའི་སྐྱེ་ཁམས་མ་ལག་གལ་ཆེན་ཞིག་ཡིན་པས། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་སུ་གངས་རི་འཁྱགས་རོམ་དང་འཁྱགས་ས་སོགས་ལ་དམིགས་བསལ་རང་བཞིན་གྱི་སྲུང་སྐྱོང་བླང་བྱ་མངོན་གསལ་དོད་པོ་བཏོན་པ་དང་འབྲེལ་གཏན་འབེབས་ཀྱང་བྱས་ཡོད་ཅེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཁྲིམས་ལུགས་ལས་དོན་ཨུ་ལྷན་གྱི་མགྲིན་ཚབ་པ་ཙང་ཐེ་ཝེ་ཡིས་ངོ་སྤྲོད་བྱས་པ་རེད།

    “གངས་རི་འཁྱགས་རོམ་དང་འཁྱགས་ས་སོགས་ལ་གནམ་གཤིས་དྲོ་གྲང་སྙོམས་པ་དང་སྐྱེ་ཁམས་དོ་སྙོམས་སྲུང་སྐྱོང་གི་ནུས་པ་ལྡན་ཡོད། མཚོ་བོད་ས་མཐོའི་གངས་རི་འཁྱགས་རོམ་དང་འཁྱགས་སའི་སྐྱེ་དངོས་མ་ལག་ལ་གཏོར་སྐྱོན་ཕོག་སླ་བ་མ་ཟད། ས་ཁུལ་ཁག་གཅིག་ཏུ་ད་དུང་ལུགས་མཐུན་མིན་པའི་མིའི་རིགས་ཀྱི་གསར་སྤེལ་བྱེད་སྤྱོད་ཀྱང་གནས་ཡོད། གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་ཚབས་ཆེར་སོང་བ་དང་བསྟུན་ནས་མཚོ་བོད་ས་མཐོར་གཏོར་བརླག་ཕོག་པའི་སྐྱེ་ཁམས་མ་ལག་སླར་གསོའི་དཀའ་ངལ་སྔར་བཞིན་ཆེ་ཙམ་ལྡན་ཡོད། དེར་བརྟེན། གངས་རི་འཁྱགས་རོམ་དང་འཁྱགས་ས་སོགས་ཀྱི་དམིགས་བསལ་རང་བཞིན་ལ་སྲུང་སྐྱོང་མངོན་གསལ་དོད་པོ་བྱེད་པར་དངོས་ཡོད་ཀྱི་དགོས་ངེས་རང་བཞིན་ལྡན་ཡོད”ཅེས་ཝུའུ་ཧན་སློབ་ཆེན་ཁོར་ཡུག་བཅའ་ཁྲིམས་ཞིབ་འཇུག་ཁང་གི་དགེ་རྒན་ཆེ་མོ་བ་ཁྲེན་ཧའེ་སུང་གིས་བརྗོད།

    མཚོ་བོད་ས་མཐོའི་གངས་རི་འཁྱགས་རོམ་དང་འཁྱགས་ས་སྲུང་སྐྱོང་གི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། འཁྱགས་རོམ་ཆེ་གྲས་དང་འཁྱགས་རོམ་ཆུང་བའི་ཚོམ་སོགས་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་གི་ནང་དུ་བཅུག་ནས་གངས་རི་འཁྱགས་རོམ་གཙོ་བོར་རི་རྒྱ་ཀླུང་རྒྱ་བསྡམས་ནས་སྲུང་སྐྱོང་བྱས་ཏེ་མིའི་གཏོར་བཤིག་ལ་ཚོད་འཛིན་ནན་པོ་བྱེད་པ། འཁྱགས་ས་ཁུལ་གྱི་སྲུང་སྐྱོང་བྱེད་ཁོངས་གཏན་འཁེལ་བྱས་ནས་ལོ་མང་གི་འཁྱགས་ས་ཁུལ་དང་དུས་ཚིགས་རང་བཞིན་གྱི་འཁྱགས་ས་ཁུལ་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ལོ་མང་གི་འཁྱགས་ས་ཁུལ་གྱི་ཐོན་ཁུངས་གསར་སྤེལ་ཐད་ཚོད་འཛིན་ནན་པོ་བྱས་ནས་ལོ་མང་གི་འཁྱགས་ས་ཁུལ་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་འཆར་འགོད་དང་། འགྲིམ་འགྲུལ། དོ་དམ། གློག་འདྲེན་གློག་སྒྱུར་སོགས་ཀྱི་འདུ་འགོད་རྣམ་གྲངས་གལ་ཆེན་ལ་ཞིབ་མཆན་ནན་པོ་འགོད་པ་སོགས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་ཀྱིས་གངས་རི་འཁྱགས་རོམ་དང་འཁྱགས་སའི་སྲུང་སྐྱོང་ལ་དམིགས་སའི་རང་བཞིན་ལྡན་པའི་གཏན་འབེབས་རབ་དང་རིམ་པ་བྱས་ཡོད།

    གངས་རི་འཁྱགས་རོམ་དང་འཁྱགས་སའི་འགྱུར་ལྡོག་ལས་ས་ངོས་ཀྱི་ཆུ་དཔྱད་དང་། ས་རླུང་དབར་གྱི་ཐཱན་བརྗེ་རེས། གྲང་ཁུལ་གྱི་སྐྱེ་ཁམས་མ་ལག མཐོ་གྲང་སྔོ་ཁེབས་དང་ས་ངོས་མཛེས་ལྗོངས་སོགས་ཚང་མར་ཤུགས་རྐྱེན་གལ་ཆེན་ཐེབས་ཀྱི་ཡོད། བཅའ་ཁྲིམས་དེས“སྐྱེ་ཁམས་ཀྱི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན”ལ་ཆེད་དུ་ས་བཅད་གཅིག་བཟོས་ཏེ། རྒྱལ་ཁབ་ཀྱིས་གནམ་གཤིས་འགྱུར་ལྡོག་དང་དེའི་ཕྱོགས་བསྡུས་ཤུགས་རྐྱེན་གྱི་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་དང་། གངས་རི་འཁྱགས་རོམ་དང་འཁྱགས་ས་སོགས་ཐད་ཀྱི་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་སྔོན་དཔག་མ་ལག་འཛུགས་པ། སྐྱེ་ཁམས་ཀྱི་ཉེན་ཁའི་སྙན་སེང་དང་ཉེན་བརྡའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་ཁ་གསལ་བཟོས་པ་དང་དུས་མཚུངས། གངས་རི་འཁྱགས་རོམ་དང་འཁྱགས་ས་བཞུས་ནས་ས་ཁོངས་ཀྱི་སྐྱེ་ཁམས་མ་ལག་ལ་ཤུགས་རྐྱེན་ཐེབས་པའི་ལྟ་ཞིབ་ཚད་ལེན་དང་ཉེན་ཁའི་དཔྱད་དཔོག་ཀྱང་བྱེད་དགོས་པའི་གཏན་འཁེལ་བྱས་ཡོད་པ་རེད།

    “བྱེད་ཐབས་འདི་དག་གིས་རང་བྱུང་སྐྱེ་ཁམས་མ་ལག་དང་ཐ་ན་དཔལ་འབྱོར་དང་སྤྱི་ཚོགས་ཁོངས་གཏོགས་ཀྱི་ཉེན་ཁ་དབྱེ་འབྱེད་དང་དོ་དམ་ལ་ཤུགས་སྣོན་རྒྱག་པར་ཕན་པ་དང་། ལེགས་སྒྲིག་འོས་འཚམ་གྱི་བྱ་སྤྱོད་ཏན་ཏིག་ནུས་ལྡན་ལ་བརྟེན་ནས་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་ངན་པ་ཆུང་དུ་གཏོང་བ་དང་དེར་ཁ་གཏད་ནུས་ལྡན་གཅོག་པ་མ་ཟད། ཁྲིམས་སྐྱོང་གི་བྱེད་ཐབས་ལ་བརྟེན་ནས་མཚོ་བོད་ས་མཐོའི་སྐྱེ་ཁམས་བདེ་འཇགས་ལ་འགན་ལེན་ཡང་བྱེད་ཀྱི་ཡོད”ཅེས་ཁྲེན་ཧའེ་སུང་གིས་བཤད།

    ཡུལ་སྐོར་དང་རི་ཁུལ་གྱི་བྱེས་སྐྱོད་ལུས་རྩལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་པ།

    ད་ལོའི“ལྔ་གཅིག”གུང་གསེང་རིང་ཀྲུང་གོའི་བོད་ལྗོངས་རི་འཛེག་ཚོགས་ཆེན་སྐབས་ཉི་ཤུ་པ་ལྷ་སར་འཚོགས་ཤིང་། དེར་རི་འཛེག་པ་དང་། གངས་ཤུད་གློད་པ། རྐང་ཐང་མར་སྐྱོད་པ། རྐང་འཁོར་བཞོན་པ་སོགས་རི་ཁུལ་གྱི་ལུས་རྩལ་སྣ་ཚོགས་ཚུད་ཡོད་པས་རྒྱལ་ཡོངས་རི་ཁུལ་གྱི་བྱེས་སྐྱོད་ལུས་རྩལ་ལ་དགའ་པོ་བྱེད་མཁན་གྱི་ཡིད་དབང་བཀུག་ཡོད།

    སྐབས་དེའི་རི་འཛེག་ཚོགས་ཆེན་རིང་རི་ཁུལ་གྱི་བྱེས་སྐྱོད་བྱེད་སྒོའི་ཁོར་ཡུག་སྲུང་སྐྱོང་གི་ཁས་ལེན་མིང་རྟགས་འགོད་པའི་བྱེད་སྒོ་སྤེལ་ནས་ཚང་མར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལག་ལེན་པ་དང་དྲིལ་བསྒྲགས་པ་བྱེད་དགོས་པའི་ཁྲིད་སྟོན་བྱས་པ་རེད། བྱེད་སྒོར་ཞུགས་མཁན་གྱིས་རི་འཛེག་བྱེད་སྒོར་ཐོན་པའི་གད་སྙིགས་དག་རང་ཉིད་ཀྱིས་ཁྱེར་བ་དང་གཅིག་སྡུད་ཐུམ་སྒྲིལ་བརྒྱབ་ནས་གཙང་སེལ་བྱས་པ་རེད།

    མཚོ་བོད་ས་མཐོའི་ཡུལ་སྐོར་དང་རི་ཁུལ་གྱི་བྱེས་སྐྱོད་ལུས་རྩལ་ལས་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བཤིག་གཏོང་བའི་གནད་དོན་ལ་ཉིན་རེ་བཞིན་དོ་ཁུར་ཐོབ་ཡོད། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་སུ་ཕྱོགས་མང་པོ་ནས་དེའི་ཐད་གཏན་འབེབས་བཟོས་ཡོད།

    ཡོན་ཅེ་ཡིས། བཅའ་ཁྲིམས་སུ་མཚོ་བོད་ས་མཐོའི་ཡུལ་སྐོར་དང་རི་ཁུལ་གྱི་བྱེས་སྐྱོད་ལུས་རྩལ་སོགས་བྱེད་སྒོ་སྒྲིག་འཛུགས་བྱེད་པའམ་ཡང་ན་དེར་ཞུགས་ཚེ་བདེ་འཇགས་ཀྱི་གཏན་འབེབས་དང་ཤེས་དཔལ་བྱ་སྤྱོད་ཀྱི་ཚད་གཞིར་བརྩི་སྲུང་ཞུ་དགོས་པ་མ་ཟད། ས་ཁོངས་ཀྱི་སྐྱེ་ཁམས་ཡུལ་སྐོར་དང་རི་ཁུལ་གྱི་བྱེས་སྐྱོད་ལུས་རྩལ་སོགས་ཀྱི་དོ་དམ་ཚོད་འཛིན་དང་ཚད་ལྡན་གྱི་བླང་བྱ་དང་མཐུན་དགོས་པ་དང་། རང་བྱུང་མཛེས་ལྗོངས་དང་རྩྭ་ཐང་གི་སྔོ་ཁེབས་ལ་གཏོར་བཤིག་གཏོང་བ་དང་། རི་སྐྱེས་སྲོག་ཆགས་རྔོན་པ་དང་རྩི་ཤིང་སྔོག་འཐུའི་རིགས་གཏན་འགོག་བྱེད་དགོས་པ་མ་ཟད། འཚོ་བའི་གད་སྙིགས་གང་བྱུང་དུ་དབྱུག་པའི་བྱ་སྤྱོད་ལ་དེ་མཚུངས་ཀྱི་ཆད་པ་གཅོད་དགོས་ལུགས་ཁ་གསལ་བཟོས་ཡོད་ཅེས་བརྗོད།

    “མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་ཀྱིས་ཡུལ་སྐོར་བྱེད་སྒོར་ཐོན་པའི་ཁྲིམས་འགལ་བྱེད་སྤྱོད་ལ་མི་སྒེར་དང་ཚན་པར་དབྱེ་ནས་ཆད་པ་གཅོད་པ་དང་ཁྲིམས་འགལ་བྱེད་སྤྱོད་ལ་ཆད་པ་གཅོད་ཤུགས་ཆེ་རུ་བཏང་ཡོད” རང་བྱུང་མཛེས་ལྗོངས་དང་རྩྭ་ཐང་གི་སྔོ་ཁེབས་ལ་གཏོར་བཤིག་གཏོང་བའམ་ཡང་ན་རྒྱལ་ཁབ་དང་ས་གནས་ཀྱིས་གཙོ་གནད་སྲུང་སྐྱོང་བྱེད་པའི་རི་སྐྱེས་སྲོག་ཆགས་རྔོན་པ་དང་རྩི་ཤིང་སྔོག་འཐུར་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར་ཆད་པ་ནན་པོ་གཅོད་ཀྱི་ཡོད་ཅེས་ཁྲེན་ཧའེ་སུང་གིས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།