མཚོ་སྔོན་གྱིས་ཁྱད་ལྡན་སྤུས་རྟགས་ཡག་པོ་བཏོད་ནས་ཐོན་ལས་སྟོབས་ཆེར་བཏང་བ།
ཟླ་དྲུག་པར་མདོ་ལ་རིང་མོ་ལྗང་མདོག་གིས་བཀླུབས་ཤིང་། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་མདོ་ལ་རྫོང་གཡང་ལུང་ཤང་ཨར་གེ་གྲོང་ཚོའི་གངས་རི་ཁྱིམ་ཚང་འབྲོག་རར་ཕྱུགས་འཚོས་ནས་ཁྱིམ་དུ་ལོག་མ་ཐག་པའི་དོན་གྲུབ་ངལ་གསོ་རྒྱག་ཁོམ་མེད་པར་རྫོང་འབྲོག་ལས་དང་ཕྱུགས་ནད་སྨན་བཅོས་ས་ཚིགས་ལ་ཁ་པར་བརྒྱབ་སྟེ་ཕྱུགས་ཁྱུ་བགོས་ནས་གསོ་ཚགས་བྱེད་རིང་གི་འབྲེལ་ཡོད་གནད་དོན་སྐད་ཆ་ཞིབ་ཕྲ་དྲིས་པ་རེད།
དོན་གྲུབ་ཀྱིས་གསར་འགོད་པར“ན་ནིང་ནས་བཟུང་རྫོང་འབྲོག་ལས་དང་ཕྱུགས་ནད་སྨན་བཅོས་ས་ཚིགས་ཀྱི་ལས་དོན་མི་སྣའི་མཛུབ་ཁྲིད་འོག ང་ཚོས་ཕྱུགས་ཁྱུ་བགོས་ནས་གསོ་ཚགས་ཚོད་ལྟ་བྱས་པ་ཡིན། ནོར་ལུག་ཁྱུ་དབྱེ་བ་མ་ཟད། ལུ་གུ་དང་། མ་མོ། ལུག་ཐུག་བཅས་ཀྱང་ཁྱུ་བགོས་པས་སྲོལ་རྒྱུན་གྱི་ཕྱུགས་འཚོ་སྟངས་དང་བསྡུར་ན་ཞིབ་ཚགས་ཅན་གྱི་གསོ་ཚགས་དང་རིགས་དབྱེ་བྲིན་ཚོང་ཐུབ་ཀྱི་འདུག འདི་ལོའི་འབྲོག་རར་ནོར་ལུག་གི་ཕྱུགས་ཕྲུག་སྐྱེ་ཚུལ་ལ་བལྟས་ན་གསོན་ཚད་མཐོ་བ་དང་སྐྱེ་འཚར་ཡང་ཡག་པོ་འདུག”ཅེས་བཤད།
མཚོ་སྔོན་ཞིང་ཆེན་བྱང་རྒྱུད་ཀྱི་ཞིང་འབྲོག་ཐོན་རྫས་ཐོན་སྐྱེད་རྟེན་གཞི་གལ་ཆེན་ཞིག་ཡིན་པའི་མདོ་ལ་རྫོང་གི་ཚགས་ཤ་དང་ལུག་ཤ་གང་སར་སྐད་གྲགས་ཆོད་མོད། འོན་ཀྱང་དེ་དང་ཆབས་ཅིག་རྒྱུད་པ་ཞན་འགྱུར་དང་། གསོ་ཚགས་བྱེད་སྟངས་རགས་ལས་ཡིན་པ། གཟན་རྩྭ་མཁོ་སྤྲོད་མི་འདང་བ་སོགས་ཀྱི་གནད་དོན་ཡང་ཟམ་མི་ཆད་པར་མངོན་གསལ་དོད་དུ་ཕྱིན་ཡོད། འདི་ལོ་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། མཚོ་སྔོན་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་གིས་གཟན་རྩྭའི་ཐོན་ལས་འཕེལ་རྒྱས་ལ་དམིགས་ནས་གཞི་ཁྱོན་ཅན་གྱི་གསོ་ཚགས་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ཡུལ་ལུག་ནུས་ཆེའི་གསོ་ཚགས་ལག་རྩལ་ཁྱབ་གདལ་སོགས་ཀྱི་གནས་ཚུལ་ལ་ཚོགས་ཆུང་ཁག་བགོས་དང་རིགས་དབྱེ་ནས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ཏེ་ཚད་གཞི་མཐོ་པོའི་སྒོ་ནས་ནོར་ལུག་གི་རྒྱུད་འཕེལ་ཚན་ཞིབ་བྱེད་པ་དང་། བླང་བྱ་མཐོ་པོ་བཏོན་ནས་རྣམ་གྲངས་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་པོའི་སྒོ་ནས་ལག་རྩལ་མཛུབ་ཁྲིད་དང་ཞབས་ཞུར་སྐུལ་འདེད་གཏོང་བ་བཅས་དམ་འཛིན་བྱ་གཞིར་བྱས་ཏེ་སྲོལ་རྒྱུན་འབྲོག་ལས་ལ་གསོན་ཤུགས་གསར་པ་འཕེལ་བར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་རེད།
མཚོ་སྔོན་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་འབྲོག་ལས་ཁྲུའི་ཁྲུའུ་ཀྲང་ཏེང་ཧྲེང་ཏུང་གིས། “འདི་ལོ་ཞིང་ཆེན་ཡོངས་ཀྱི་གཟན་རྩྭ་འདེབས་འཛུགས་གཞི་ཁྱོན་མུའུ་ཁྲི་230.83ཟིན་པ་དང‘འབྲུ་རིགས་དང་གཟན་རྩྭ་གཉིས་ཀར་ལྟ་རྟོག་དང་། འདེབས་གསོ་ཟུང་འབྲེལ། ཞིང་འབྲོག་ཕན་ཚུན་གསབ་རེས། འཁོར་སྐྱོད་འཕེལ་རྒྱས’བཅས་ཀྱི་ཞིང་འབྲོག་ལས་ཀྱི་གཉེར་སྐྱོང་བྱེད་སྟངས་གསར་པ་གོ་རིམ་ལྡན་པའི་ངང་བཏོད་དེ་གཟན་རྩྭ་གསོག་འཇོག་དང་གེགས་འགོག་ཕྱུགས་སྲུང་གི་ནུས་པ་ཆེ་རུ་བཏང་ནས། འདི་ལོའི་འབྲོག་ལས་ཐོན་ལས་རྒྱུན་མཐུད་འཕེལ་རྒྱས་འགྲོ་བར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད”ཅེས་བཤད་པ་རེད།
འབྲོག་ལས་གཞན་སྒྱུར་བྱས་པ་ལས་མགྲོན་པོ་རྣམས་ཞིམ་ཟས་ལ་རོལ་རྒྱུ་བྱུང་བ་དང་འབྲོག་པར་ཕན་པ་ཆེན་པོ་ཐོབ་ཡོད། ཚན་རྩལ་ཞབས་ཞུ་གོང་མཐོར་གཏོང་བ་དང་། ཐོན་ལས་འཁོར་འབྲེལ་ལེགས་སུ་གཏོང་བ། རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ། ཕྱིར་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི“སྣ་འདུས་ཐབས་བཟང”རབ་དང་རིམ་པ་ལག་ལེན་བསྟར་བ་དང་སྦྲགས། འདི་ལོའི་ཟླ་5པའི་ཟླ་མཇུག་བར་ཞིང་ཆེན་ཡོངས་ཀྱི་ནོར་ལུག་བཤས་གཏོང་ཚད་དང་ཕྱུགས་ཕྲུག་གསོན་ཚད“གཉིས་འཕར”བྱུང་བ་དང་དུས་ཚིགས་དང་པོར་ཤ་རིགས་ཐོན་ཚད་ཏུན་ཁྲི་5.93ཟིན་ཞིང་། དེའི་ཁྲོད་ཚགས་ཤ་ཏུན་ཁྲི་2.71དང་། ལུག་ཤ་ཏུན་ཁྲི་1.79 ཕག་ཤ་ཏུན་ཁྲི་1.43བཅས་ཡོད་པ་རེད།
2021ལོ་ནས་བཟུང་། མཚོ་བོད་ས་མཐོར་གནས་པའི་མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་མཛུབ་སྟོན་ལ་བརྩི་སྲུང་ནན་པོ་ཞུས་ནས་ས་མཐོའི་སྐྱེ་ཁམས་ཀྱི་ལེགས་ཆ་གང་ལེགས་བཏོན་ཏེ། “ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་བྱ་ཡུལ”ནུས་ཤུགས་ཡོད་རྒུས་བཏོད་པ་དང་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྲུང་སྐྱོང་དང་ལྗང་མདོག་འཕེལ་རྒྱས་གཉིས་ཁེ་ཡོང་བའི་ལམ་བུར་བསྐྱོད་པས། ས་མཐོ་སྔོ་ལྗང་ཅན་དུ་གྱུར་པ་དང་། ཐོན་ལས་སྟོབས་ཆེར་སོང་ཞིང་། འབྲོག་པ་ཕྱུག་པོ་ཆགས་ཡོད་པ་རེད།
སྤུས་ཚད་ལེགས་སུ་བཏང་བ། མིག་སྔར་མཚོ་སྔོན་ལ་ལྟ་ཞིབ་ཚད་ལེན་དང་ཁས་ལེན་བྱས་པའི་རྩྭ་ཐང་རྒྱ་ཁྱོན་མུའུ་དུང་ཕྱུར་གཅིག་ལྷག་ཙམ་ཟིན་པ་དེས་སྤྱིའི་རྒྱ་ཁྱོན་གྱི་20%ཡན་བཟུང་བ་དང་། འབྲི་གཡག་དང་ཡུལ་ལུག་ཁྱད་ལྡན་དུ་བྱས་པའི་སྐྱེ་ལྡན་ནོར་ལུག་གིས་བསྡུར་ཚད་ཀྱི་22%ལྷག་ཙམ་བཟུང་ཡོད། ཐོན་འབོར་བརྟན་དུ་དང་ཕྱིར་གཏོང་རྒྱ་ཆེར་བཏང་ཞིང་། འདི་ལོའི་ལོ་སྟོད་བར་ཕྱིར་གཏོང་བྱ་ཡུལ་བསྐྲུན་ནས་ལོ་གཉིས་སོང་ཚུན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱིས་རིམ་རྩིས་བྱས་ན་ཚགས་ཤ་དང་། ལུག་ཤ སྣུམ་རྒྱུ། ནས། འདྲེ་ཚེར་མ། སྔོ་ཚལ་སོགས་ལྗང་མདོག་ཞིང་འབྲོག་ཐོན་རྫས་སྣ་ཚོགས་ཏུན་ཁྲི་158ཕྱིར་གཏོང་བྱས་པར་རིན་ཐང་སྒོར་དུང་ཕྱུར་232ཟིན་ཡོད། ལག་ཡོད་འབྲི་གཡག་མགོ་གྲངས་ཀྱིས་རྒྱལ་ཡོངས་ཀྱི་34%བཟུང་བ་དང་ལག་ཡོད་ཡུལ་ལུག་མགོ་གྲངས་ཀྱིས་རྒྱལ་ཡོངས་ཀྱི་46%བཟུང་བ། གྲང་ཆུའི་ཉའི་ཐོན་ཚད་ཀྱིས་རྒྱལ་ཡོངས་ཀྱི་གསུམ་ཆ་གཅིག་བཟུང་ཡོད་པ་བཅས་རེད།