དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་གསར་པར་དགའ་ཞེན་གྱིས། འབྱུང་འགྱུར་གསར་པར་རྒྱང་ལྟ་བྱེད།

    —— ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་སྐབས་ལྔ་པའི་འགོ་ཚུགས་མཛད་སྒོའི་ཟུར་བྲིས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-18

    འདི་ནི་བོད་ལྗོངས་འགྲེམས་ཚོགས་སྐབས་ལྔ་པའི་འགོ་ཚུགས་མཛད་སྒོ་གཉེར་ཡུལ་ཡིན་པ།

    འདི་ནི་རྣམ་པར་བཀྲ་བའི་ཤོག་སྦག་ཚོན་ཁྲ་ཅན་གྱིས་ལྷ་སའི་མཚན་མོའི་མཁའ་དབྱིངས་བཀྲག་མདངས་ཀྱིས་བརྒྱན་པ།

    ཟླ་6ཚེས་16ཉིན་གྱི་མཚན་མོ། ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་སྐབས་ལྔ་པ་བོད་ལྗོངས་འགྲེམས་ཚོགས་ལྟེ་བའི་ཐང་ཆེན་དུ་གཟབ་རྒྱས་ངང་འགོ་ཚུགས་པ་རེད།

    བོད་ལྗོངས་འགྲེམས་ཚོགས་ལྟེ་བའི་ཐང་ཆེན་དུ་ཟུར་གསུམ་མ་ལས་གྲུབ་པའི་བརྙན་ཤེལ་ཆེན་པོ་དང་གར་སྟེགས་རྒྱབ་ཀྱི་ལྷ་ས་གནས་མཆོག་ལྷ་ཡུལ་ཀྲོའུ་ཅི་གསོལ་མགྲོན་ཁང་གི་ཟུར་གསུམ་དབྱིབས་ཀྱི་བཟོ་སྐྲུན་བཀོད་པ་ཕན་ཚུན་གཅིག་ལ་གཅིག་གིས་བརྒྱན་པ་ལྟར་དུ་སྣང་ཞིང་། ཁྲ་ཆིལ་གློག་འོད་དྭངས་གསལ་ཆུ་ངོས་སུ་ཁྲ་ལྷམ་མེར་མངོན་པ་ལས་ལྷ་སའི་མཚན་མོ་ཚོན་མདངས་རྣམ་པར་བཀྲ་བར་གྱུར། རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་རྣམས་ལྷ་སར་འཛོམས་ནས་འདུ་ཚོགས་གཟབ་རྒྱས་ལ་མཉམ་དུ་ཞུགས།

    འགོ་ཚུགས་མཛད་སྒོ་དེ་འགོ་ཁྲིད་ཀྱི་ཤིས་ཚིག་བསྒྲོན་པ་དང་། རིག་རྩལ་འཁྲབ་སྟོན། ཤོག་སྦག་ཚོན་ཁྲ་ཅན་གྱི་འཁྲབ་སྟོན་བཅས་ཆ་ཤས་གསུམ་ལས་གྲུབ་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱས་ཏེ་གཞི་ཁྱོན་འོས་འཚམ་དང་། བབ་ཆགས་གཟབ་རྒྱས། བརྗོད་དོན་གཙོ་བོ་འབུར་དུ་ཐོན་པ། ཁྱད་ཆོས་མངོན་པ་བཅས་ཀྱི་སྤྱིའི་རྩ་དོན་གཞིར་བཟུང་། བོད་ཀྱི་རིག་གནས་དང་རྒྱལ་སྤྱིའི་མཐོང་རྒྱ་གསར་རྩོམ་གྱི་འདུ་ཤེས་སུ་བྱས་པ་དང་ཀྲུང་ཧྭ་མི་རིགས་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་གསར་རྩོམ་གྱི་དགོངས་གཞིར་བྱས་ནས“བོད་ལྗོངས་གསར་པར་དགའ”ཞེས་པའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ཏེ་མཛེས་སྡུག་དང་། དྭངས་གཙང་། བདེ་སྐྱིད། ཞི་མཐུན། ཡར་ཐོན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འགྲེམས་སྟོན་བྱས་པ་རེད།

    《རྣམ་པར་བཀྲ་བའི་མེ་ཏོག་ལྡུམ་ར》ཞེས་པའི་ལྷ་མོ་འཁྲབ་སྟོན་བྱེད་འགོ་ཚུགས་པ་དང་སྦྲགས་བོད་ཀྱི་རིག་གནས་ཀྱི་ཁྱད་ཆོས་ལྡན་པ་དང་མིག་ཡིད་ཀྱི་དགའ་སྟོན་དུ་གྱུར་པའི་རིག་རྩལ་འཁྲབ་སྟོན་དངོས་སུ་འགོ་ཚུགས་ནས་ལྟད་མོ་བ་སྟོང་ཕྲག་མང་པོར་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་པ་རེད།

    སྐབས་འདིའི་བོད་ལྗོངས་འགྲེམས་ཚོགས་ཀྱི་འགོ་ཚུགས་མཛད་སྒོ《དུས་རབས་གསར་པར་ཁ་བཏགས་འབུལ》ཞེས་པའི་གླུ་གར་ཁྲོད་མཇུག་འགྲིལ་བ་རེད། དེ་ནི་གངས་ལྗོངས་ཀྱི་བུ་ཕྲུག་ཚོས་བརྩེ་སེམས་ཟབ་པའི་དྲིན་ཚོར་ཞིག་ཡིན་ལ་བོད་གསར་པའི་ཆེས་ཟོལ་མེད་ཀྱི་སྨོན་འདུན་ཞིག་ཀྱང་ཡིན། རླབས་ཆེན་མེས་རྒྱལ་དར་རྒྱས་གོང་འཕེལ་དང་མི་དམངས་བདེ་ཞིང་སྐྱིད་པའི་སྨོན་འདུན་ཞུ། འཛམ་གླིང་ཞི་བདེ་ལྷིང་འཇགས་དང་འཆམ་མཐུན་མཉམ་དར་ཡོང་བའི་སྨོན་འདུན་ཞུ། བཀྲ་ཤིས་བདེ་ལེགས།

    སྐབས་འདིའི་བོད་ལྗོངས་འགྲེམས་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་འགན་འཁུར་བས། རིག་རྩལ་འཁྲབ་སྟོན་དེས་རང་སྐྱོང་ལྗོངས་ཀྱི་སྤུས་ཚད་མཐོ་བའི་སྒྱུ་རྩལ་བརྩམས་ཆོས་གཙོ་བོར་བྱས་པ་དང་། རྒྱལ་ཁབ་ཟློས་གར་ཁང་དང་ཟློས་གར་ཚོགས་པའི་གྲགས་ཅན་སྒྱུ་རྩལ་མཁས་ཅན་དམིགས་བསལ་དུ་གདན་དྲངས་ཏེ་མཉམ་དུ་འཁྲབ་སྟོན་བྱས་པ། གྲགས་ཅན་མི་སྣ་མང་པོ་འདུས་པ་དང་། གར་སྟེགས་མཛེས་རྩལ་ལ་ཚན་རྩལ་མཐོ་བའི་མཚོན་སྟངས་སྣ་ཚོགས་མཉམ་དུ་འདུས་པ། བོད་ཀྱི་སྣ་མང་ཕུན་སུམ་ཚོགས་ཤིང་ངོ་མཚར་ཆེ་བའི་ས་ཁོངས་རིག་གནས་ཀྱི་ཁྱད་ཆོས་འགྲེམས་སྟོན་བྱས་པ་དང་ཆབས་ཅིག མཚོན་བྱེད་རང་བཞིན་གྱི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གཞི་རྒྱུ་བདམས་ཏེ“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”དམིགས་ནས་དུས་རབས་གསར་པའི་གར་སྟེགས་སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁོང་དུ་ཆུད་པ་དང་ལག་ལེན་བསྟར་ཡོད་ཅེས་བརྗོད་པ་རེད།

    “བོད་ལྗོངས་འགྲེམས་ཚོགས་ཀྱི་འགོ་ཚུགས་མཛད་སྒོ་ལྟ་ཐེངས་དང་པོ་ཡིན། ཕྱིའི་རྣམ་པ་ནས་བརྗོད་ན་བབ་ཆགས་དང་། མཛེས་པ། ཚན་རྩལ་མཐོ་བ་བཅས་ཀྱིས་དེ་རིང་གི་རིག་རྩལ་འཁྲབ་སྟོན་ལ་སྙིང་བསྡུས་བྱེད་ཆོག་པ་དང་། ནང་དོན་ཐད་ནས་ཀྲུང་ཧྭའི་རིག་གནས་གཏིང་ཟབ་ཅིང་རྒྱ་ཆེ་ལ་བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མངོན་པས་ཧང་སངས་དགོས་པ་ཞིག་འདུག”ཧྲན་ཏུང་ནས་སྒེར་འཁོར་བཏང་སྟེ་བོད་དུ་ཡོང་བའི་སྐུ་ཞབས་ཝང་ལགས་བོད་ཀྱི་འགྲེམས་ཚོགས་གཉེར་བ་དང་སྐབས་འཁེལ་བས་དགའ་ཚོར་ཆེན་པོས་དེ་ལྟར་བརྗོད། བོད་ལྗོངས་འགྲེམས་ཚོགས་བརྒྱུད་ཁོང་གིས་བོད་ལ་རྒྱུས་མངའ་སྔར་ལས་ལྷག་པ་ལོན་ནས་ཕྱིས་སུ་སྒེར་འཁོར་བཏང་ནས་ཡུལ་སྐོར་གྱི་ལམ་ཐིག་འཆར་འགོད་བྱ་རྒྱུར་དཔྱད་གཞི་ཡག་པོ་ཞིག་མཁོ་འདོན་ཐུབ་ཡོད།

    “དེ་རིང་དགོང་མོ་ང་ཚོས་དཀར་གཙང་ཁ་བཏགས་འཁྱེར་ནས་ཕྱོགས་བཞི་མཚམས་བརྒྱད་ཀྱི་མགྲོན་པོར་བསུ་བ་ཞུ་བ་དང་། གླུ་ལེན་གར་འཁྲབ་ཀྱིས་རླབས་ཆེན་གྱི་ཏང་དང་། མེས་རྒྱལ། དུས་རབས་གསར་པ་བཅས་ལ་དྲིན་ལན་འཇལ་རྒྱུ་ཡིན”ཞེས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་སྡེ་ཁུལ་གྱི་མང་ཚོགས་འཐུས་མི་ཟླ་བས་སེམས་འགུལ་ཐེབས་པའི་ངང་བཤད།

    བདེ་སྐྱིད་ལྡན་པའི་བོད་ལྗོངས་གསར་པར་ཅི་དགར་རོལ། ལག་གདང་སྦྲེལ་ནས་རྒྱང་སྐྱོད་ལམ་བུ་གསར་པ་གཏོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཁྲིད་སྟོན་འོག བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”ཤུགས་བརྒྱབ་ནས། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འབད་འཐབ་ཧུར་ཐག་བྱེད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།