བོད་ལྗོངས་འགྲེམས་ཚོགས་ལ་ཕེབས་མཁན་ཚོས་འདིར་དོ་སྣང་གནང་དང་།
བོད་ལྗོངས་འགྲེམས་ཚོགས་སྐབས་རིམ་བྱུང་ལ་རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་བ་ཚོས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། དེས་ན། ཚང་མ་འགྲེམས་སྟོན་ལ་གཟིགས་སྐོར་དང་ཉོ་སྒྲུབ་བྱེད་པར་སྐྱོད་སྐབས་སྟབས་བདེ་ཡོང་ཆེད། དེ་རིང་རྩོམ་སྒྲིག་པས་མཛུབ་མོ་རི་སྟོན་གྱི་ཚུལ་དུ་འབྲེལ་ཡོད་ཀྱི་ནང་དོན་འདི་དག་ཆེད་མངགས་གྲ་སྒྲིག་བྱས་ཡོད་པས་ལྷོད་ལྷོད་ངང་གཟིགས་རོགས།
འགྲིམ་འགྲུལ།
གསར་འགོད་པས་ལྷ་ས་གྲོང་ཁྱེར་སྤྱི་སྤྱོད་རླངས་འཁོར་གཉེར་སྐྱོང་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། འགྲེམས་ཁང་དང་པོ་དང་གཉིས་པར་བསྐྱོད་ཚེ། གྲོང་མི་དང་ཡུལ་སྐོར་བ་ཚོས་སྤྱི་སྤྱོད་རླངས་འཁོར་3པ་དང་། 4པ། 8པ། 18 20 25 27 31 34 36 38 K01 L2བཅས་བསྡད་ན་འགྲིག གལ་ཏེ་བློ་འདྲི་བྱེད་དགོས་ཚེ་སྤྱི་སྤྱོད་རླངས་འཁོར་ཀུང་སིའི་ཞབས་ཞུའི་ཐད་སྦྲེལ་ཁ་པར་0891-6334243འདི་བརྒྱབ་ན་ཆོག
རླངས་འཁོར་འཇོག་ས།
གསར་འགོད་པར་ཤེས་རྟོགས་བྱུང་བར། བོད་ལྗོངས་འགྲེམས་ཚོགས་ལྟེ་གནས་དང་ལྷ་ས་གནས་མཆོག་ཀྲོའུ་ཅི་གསོལ་མགྲོན་ཁང་གི་ཉེ་འཁོར་དུ་རླངས་འཁོར་འཇོག་ས་ཡོད་པ་ཕུད། ད་དུང་འགྲེམས་ཁང་དང་ཐག་ཉེ་སར་ཡང་རླངས་འཁོར་འཇོག་ས་བཞི་བཀོད་སྒྲིག་བྱས་ཡོད་པ་སྟེ། ཁྲེང་ཀོན་དབན་ཏཱ་ཚོང་གྲོང་གི་རླངས་འཁོར་འཇོག་ས་དང་། དར་དམར་འབྱོར་འབྲིང་དཔེ་སྟོན་ཁུལ་གྱི་ཕྱིའི་རླངས་འཁོར་འཇོག་ས། ལྷ་ས་གྲོང་ཁྱེར་རིམ་གསུམ་སྲིད་དོན་ཞབས་ཞུ་ཚོམས་ཆེན་གྱི་ས་འོག་རླངས་འཁོར་འཇོག་ས། ཅང་སུའུ་ལམ་ཆེན་བདེ་སྐྱིད་ཁྱིམ་གཞིས་ཀྱི་རླངས་འཁོར་འཇོག་ས་བཅས་རེད།
གོང་གསལ་གྱི་རླངས་འཁོར་འཇོག་སའི་ཉེ་འཁོར་ཚང་མར་སྤྱི་སྤྱོད་གློག་འཁོར་བཞག་ཡོད་པས། གྲོང་མི་ཚོས་རླངས་འཁོར་འཇོག་ས་འདི་དག་ལ་རླངས་འཁོར་བཞག་རྗེས་སྤྱི་སྤྱོད་གློག་འཁོར་བཞོན་ནས་འགྲེམས་སྟོན་ལ་གཟིགས་པར་བསྐྱོད་ཆོག
ཞིམ་ཟས།
འགྲེམས་སྟོན་ལ་གཟིགས་སྐོར་དང་དེ་ནས་ཉོ་སྒྲུབ་བྱེད་པ་ཕུད། ཞིམ་ཟས་ཟ་ཁང་དག་ཡོད་པ་འདི་དག་ལ་མི་མང་པོས་ཁ་ལག་ཟ་བར་འགྲོ་བཞིན་ཡོད།
བོད་ལྗོངས་འགྲེམས་ཚོགས་ལྟེ་གནས་ཀྱི་འགྲེམས་ཁང་2པའི་ཉེ་འགྲམ་དུ་ཞིམ་ཟས་ཟ་ཁང་གསུམ་ཡོད་དེ། ཁྲེན་ཤང་ལོའུ་ཚགས་ཤའི་འཐེན་ཐུག་ཟ་ཁང་། 1978ཤ་བསྲེགས་མའི་ཟ་ཁང་། ཕུན་རབ་གླིང་ཇ་ཁང་བཅས་ཡོད། དེར་མ་ཟད། འགྲེམས་ཚོགས་ལྟེ་གནས་དང་བར་ཐག་སྤྱི་ལེ་2ཀྱི་སར་ཡོད་པའི་ཁྲེང་ཀོན་དབན་ཏཱ་ཚོང་གྲོང་དུ་རྒྱ་ཁོག་དང་། ཤ་བསྲེགས་མ། ཐུག་པ། ཕྱི་གླིང་པའི་ཁ་ལག་སོགས་ཞིམ་ཟས་སྣ་མང་ཕུན་སུམ་ཚོགས་པོ་མཆོད་ས་ཡོད།
གནམ་གཤིས།
ཉེ་དུས། ལྷ་ས་གྲོང་ཁྱེར་དུ་ཆར་པ་སིམ་སིམ་འབབ་ཀྱི་ཡོད་ལ་མཚམས་རེ་ཆར་པ་འབྲིང་བའང་འབབ་ཀྱི་ཡོད། དེར་བརྟེན། གྲོང་མི་དང་ཡུལ་སྐོར་བ་ཚོས་འགྲེམས་སྟོན་ལ་གཟིགས་སྐོར་དང་ཉོ་སྒྲུབ་བྱེད་པར་སྐྱོད་སྐབས། གནམ་གཤིས་ཀྱི་འགྱུར་ལྡོག་ལ་དོ་སྣང་བྱེད་དགོས།