དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཁྱད་ལྡན་ཐོན་ལས་སྣ་ཚོགས་ཀྱི། སྙན་གྲགས་བ་དན་ཕྱོགས་བཅུར་ཁྱབ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-16

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ལྗོངས་ཀྱིས་ས་མཐོའི་དོན་དངོས་དང་ཐོན་ཁུངས་ཀྱི་ཁྱད་འཕགས་ལ་གཞི་ཚུགས་ནས། ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་དང་། ནུས་རྒྱུ་གཙང་མ། རང་བྱུང་འཐུང་ཆུ་སོགས་ཀྱི་ཐོན་ལས་གཙོ་བོར་དམིགས་ཏེ། གཞི་ཁྱོན་ཆེ་རུ་གཏོང་བ་དང་། སྤུས་རྟགས་གཏོད་པ། ཐོན་ལས་འཁོར་འབྲེལ་སྣུར་སྲིང་བཅས་ལ་ཤུགས་སྣོན་བརྒྱབ་ནས་ས་མཐོའི་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་བཏང་ཡོད། ད་ཆ་ལྗོངས་ནང་ཁུལ་ནས་ལྗོངས་ཕྱིའི་བར་དང་རྒྱལ་ནང་ནས་རྒྱལ་ཕྱི་བར“བོད་ལྗོངས་རྟགས་ཅན”གྱི་སྤུས་རྟགས་རིམ་བཞིན་མི་དེ་བས་མང་བས་ཤེས་རྟོགས་ཐུབ་ཡོད།

    ཁྱད་ལྡན་ཞིང་འབྲོག་ཐོན་ལས་ཀྱི་འཁོར་འབྲེལ་མུ་མཐུད་སྣུར་སྲིང་བྱས་པ།

    གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་རྩེ་ཆེན་ཤང་ནུབ་སྟོད་གྲོང་ཚོར་གྲོང་མི་ཟླ་བ་བསྟན་འཛིན་གྱིས་ཞིང་ནང་གི་སྐྱེ་འཚར་ལེགས་པའི་ལོ་ཏོག་ལ་ལྟ་བཞིན་དགའ་ཚོར་ཆེན་པོས“ད་ལོ་སླར་ཡང་ལོ་ལེགས་ཡག་པོ་ཡོང་བ་འདུག”ཅེས་བཤད།

    ནས་ནི་བོད་རིགས་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བའི་ནང་མེད་དུ་མི་རུང་བའི་བཟའ་བཅའ་གཙོ་བོ་ཡིན་ལ། བོད་ཀྱི་ཁྱད་ལྡན་ཞིང་ལས་ཐོན་ལས་གལ་ཆེན་གྱི་གྲས་ཤིག་ཀྱང་རེད།

    བོད་ཀྱིས་ནས་ཀྱི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བའི་སྲིད་ཇུས་ཀྱི་སྐུལ་འདེད་འོག་ནས་ཆང་དང་། ནས་ཐུག ནས་ཀྱི་ཏན་ཞིམ་སོགས་ལས་སྣོན་ཞིབ་ཚགས་བྱས་པའི་ཐོན་རྫས་གསར་པ་ཁྲོམ་རར་འདོན་བཞིན་ཡོད། མིག་སྔར་རང་ལྗོངས་ཀྱིས་ནས་ཀྱི་ཐོན་རྫས་སྣ་ཁ་80ལྷག་ཙམ་ཞིབ་འཇུག་གསར་སྤེལ་བྱས་པ་དང་། ལྗོངས་ཡོངས་སུ་ནས་ཀྱི་ཐོན་ལས་ལས་སྣོན་ཞིབ་ཚགས་ཀྱི་ཁེ་ལས་ཆེ་འབྲིང་60ཙམ་ཡོད། ན་ནིང“བོད་ཀྱི་ནས”ད་དུང་རྒྱལ་ཁབ་ཀྱི་2022ལོའི་ཞིང་ལས་སྤུས་རྟགས་རྩེར་སོན་སྐྱེད་སྲིང་གི་འཆར་གཞིའི་ནང་བཅུག་ཡོད།

    ནས་ཀྱི་ཐོན་ལས་འཕེལ་རྒྱས་ནི་རང་ལྗོངས་ཀྱི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་འཕེལ་རྒྱས་གཏོང་བའི་མཚོན་བྱེད་ཙམ་ཞིག་རེད། ལོ་བཅུ་ལྷག་ཙམ་རིང་རང་ལྗོངས་ཀྱིས་ནུས་ཤུགས་ཡོད་རྒུས་ནས་དང་། འབྲི་གཡག ཡུལ་ལུག་སོགས་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་རྟེན་གཞི་འཕེལ་རྒྱས་ཤུགས་ཆེན་བཏང་ཞིང་། སྣེ་འདྲེན་ཁེ་ལས་འདུན་ཞུ་གཏན་འཁེལ་དང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ཚད་ལྡན་མཐོར་གཏོང་བྱ་སྤྱོད་སྤེལ་བ་སོགས་ཀྱི་བྱེད་ཐབས་སྤྱད་པ་བརྒྱུད། ཞིང་ལས་ཀྱི་གཉེར་སྐྱོང་བྱེད་པོ་གསར་པ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ཡོད།

    ནུས་རྒྱུ་གཙང་མས་དཔལ་འབྱོར་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

    ཉེ་ཆར། ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་འགག་མདོའི་ཀྲའོ་ཝ་1800ཡི་འོད་ཤུགས་གློག་ཁང་རྣམ་གྲངས་ལས་འགོ་བཙུགས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། དེ་ནི་མིག་སྔར་གོ་ལ་ཧྲིལ་པོར་སྐྲུན་བཞིན་པའི་གཞི་ཁྱོན་ཆེ་ཤོས་དང་། ས་བབ་མཐོ་ཤོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་བྱེད་ཐབས་འཐུས་སྒོ་ཚང་ཤོས་བཅས་ཀྱི་ནུས་རྒྱུ་གཙང་མའི་གློག་ཁང་རྣམ་གྲངས་ཤིག་རེད།

    བོད་ཀྱི་ནུས་རྒྱུ་གཙང་མ་ཚན་རིག་དང་མཐུན་པའི་གསར་སྤེལ་ལ་སྐུལ་འདེད་གཏོང་བ་ནི་རྒྱལ་ཁབ་ཀྱི་ནུས་རྒྱུའི་བདེ་འཇགས་སྲུང་སྐྱོང་དང་ནུས་རྒྱུའི་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་འདེད་གཏོང་བའི་ནང་གནས་ཀྱི་བླང་བྱ་ཞིག་ཡིན་ལ། བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་། རང་བརྟེན་ནུས་པ་ཆེ་རུ་གཏོང་བ། ལྗང་མདོག་འཕེལ་རྒྱས་བཅས་ཀྱི་ལྡོག་མེད་ཀྱི་གདམ་ག་ཞིག་ཀྱང་རེད།

    མིག་སྔར་བོད་ཀྱིས་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་ལེན་བསྟར་ཏེ། ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ཀྱི་གོམ་སྟབས་གསུམ་གྱི་ཐབས་ཇུས་འཆར་འགོད་ཧུར་ཐག་བྱེད་བཞིན་ཡོད་པ་སྟེ། གོམ་སྟབས་དང་པོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”དུས་མཇུག་ཏུ་སླེབས་སྐབས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་རགས་ཙམ་ཆགས་པ་བྱེད་རྒྱུ་དང་། གོམ་སྟབས་གཉིས་པ་ནི་2035ལོར་སླེབས་སྐབས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་སྐྲུན་ཟིན་པ་བྱེད་རྒྱུ། གོམ་སྟབས་གསུམ་པ་ནི་དུས་རབས་འདིའི་དུས་དཀྱིལ་དུ་སླེབས་སྐབས་འཛམ་གླིང་རིམ་པའི་ནུས་རྒྱུ་གཙང་མའི་རྟེན་གཞི་སྐྲུན་ཟིན་པ་བྱེད་རྒྱུ་བཅས་རེད། དེང་སྐབས་རང་ལྗོངས་ཀྱི་ནུས་རྒྱུ་གཙང་མའི་ཐོན་ཁུངས་ཀྱི་ཁྱད་འཕགས་དང་འཕེལ་རྒྱས་ཀྱི་ལེགས་ཆ་རིམ་བཞིན་མངོན་གསལ་དོད་དུ་ཕྱིན་ཏེ་སྔར་ན་མེད་པའི་མྱུར་ཚད་ཐོག་ནས་རང་རྒྱལ་གྱི་ནུས་རྒྱུའི་ཐཱན་ཉུང་ཕྱོགས་སྒྱུར་གྱི་ལམ་བུར་འབད་འབུངས་མདུན་སྐྱོད་བྱེད་བཞིན་ཡོད།

    “བོད་ཀྱི་ཆུ་བཟང”གིས་ཐོན་ལས་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་པ།

    ཐུན་མོང་མ་ཡིན་པའི་ཆུ་ཁུངས་སྤུས་དག་ལ་བརྟེན་ནས་དུས་རབས་གོང་མའི་ལོ་རབས་90པར་བོད་ཡུལ་གྱི་གཏེར་ཆུ་དང་པོ་ལྷ་སར་བཏོན་པ་དེ་ཐོག་ནས་རང་ལྗོངས་ཀྱི་དེང་རབས་ཅན་གྱི་ཆུའི་ཐོན་ལས་དར་འགོ་ཚུགས་པ་མཚོན་གྱི་ཡོད། 2019ལོར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས“ས་གོ་ལའི་གླིང་སྣེ་གསུམ་པའི”སྤུས་རྟགས་དེ་རང་ལྗོངས་ཀྱི་དམིགས་བསལ་མིང་བྱང་དུ་བཏོད་དེ་ལྗོངས་ནང་ཁུལ་གྱི་ལེགས་ཆའི་ཐོན་ལས་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བར་སྐུལ་ཁྲིད་བྱས་ཡོད།

    ལོ་བཅུ་གྲངས་རིང་འཕེལ་རྒྱས་བཏང་བ་བརྒྱུད། རང་ལྗོངས་ཀྱིས་འཐུང་ཆུའི་གྲགས་ཅན་ཚོང་རྟགས་མང་པོ་དང་རིམ་པ་མང་བའི་འཐུང་ཆུའི་ཐོན་རྫས་གསར་སྤེལ་བྱས་ཡོད་ཅིང་། “བོད་ཀྱི་ཆུ་བཟང”ཁེ་ལས་མང་པོས་ཇ་དང་། འཐུང་བྱ། དཀར་ཆུའི་ཐོན་རྫས་སོགས་སྤྱོད་པའི་ཆེད་ལས་ཀྱི་ཆུར་བརྩིས་པས་རྒྱལ་སྤྱི་རྒྱལ་ནང་གི་ལས་རིགས་ཀྱི་བྱ་དགའ་ཐེངས་མང་ཐོབ་ཡོད།

    2022ལོར་བོད་ཀྱི་རང་བྱུང་འཐུང་ཆུ་དང་གཏེར་ཆུ་སོགས“ས་གོ་ལའི་གླིང་སྣེ་གསུམ་པ། བོད་ཀྱི་ཆུ་བཟང”ཞེས་པར་ལྷ་ས་འགག་སྒོ་ལས་ཁུངས་ནས་ཞིབ་བཤེར་དང་ལྟ་འདོམས་བྱས་ཏེ་བདེ་བླག་ངང་ཕྱིར་གཏོང་བྱས་པར་ཕྱིར་ཚོང་རིན་ཐང་སྒོར་ཁྲི་1005.19ཟིན་པ་དེ་དུས་མཚུངས་ལས་48.47%འཕར་བ་དང་། ཕྱིར་ཚོང་བསྡོམས་འབོར་ཏུན་2659.99ཟིན་པ་དེ་དུས་མཚུངས་ལས་20.94%འཕར་ཡོད།

    ད་ཆ་བོད་ཀྱི་རང་བྱུང་འཐུང་ཆུའི་ཐོན་ལས་ས་མཐོའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་སུ་རིམ་བཞིན་གྱུར་པ་མ་ཟད། འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།