བོད་ཀྱི་སྲོལ་རྒྱུན་རིག་གནས་ལས། དུས་རབས་གསར་པའི་འོད་མདངས་འཚེར།
བོད་དུ་ལོ་ངོ་སྟོང་གི་ལོ་རྒྱུས་སྙན་ངག་རིང་གྲས《གླིང་སྒྲུང》དང་། ལོ་རྒྱུས་ཡུན་རིང་ལྡན་པའི་ལྷ་མོ། སྣ་མང་ཕུན་སུམ་ཚོགས་པའི་དམངས་ཁྲོད་གླུ་གར་སོགས་ཧ་ཅང་མང་།
ཉེ་བའི་ལོ་ཤས་རིང་། རྣམ་པ་སྣ་ཚོགས་དང་ཁྱད་ཆོས་མངོན་གསལ་དོད་པའི་བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དག་མི་དེ་བས་མང་བས་རྒྱུས་ལོན་དང་ཤེས་རྟོགས་ཐུབ་སྟེ། ལོ་རྒྱུས་ཀྱི་ནང་དོན་དང་སྲོལ་རྒྱུན་རིག་གནས་ཀྱི་སྙིང་བཅུད་གཅིག་ཏུ་འདུས་པའི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱིས་འཛམ་གླིང་གི་སྐྱེ་བོ་མང་པོའི་ཡིད་དབང་རབ་ཏུ་བཀུག
ཐོན་ཁུངས་སྲུང་སྐྱོབ་བྱས།
ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་གསོན་ཉམས་ལྡན་པར་བྱས་པ།
ཕོ་བྲང་པོ་ཏ་ལ་ནི་སྤྱི་ལོའི་དུས་རབས་བདུན་པར་སྐྲུན་འགོ་ཚུགས་ཤིང་། དེ་ནི་བོད་ཀྱི་ཉར་ཚགས་ཆ་ཚང་ཤོས་དང་གཞི་ཁྱོན་ཆེ་ཤོས་ཀྱི་ཕོ་བྲང་རྣམ་པའི་གནའ་བོའི་སྐྲུན་དངོས་ཤིག་རེད། བོད་ཀྱི་རིག་གནས་ཤུལ་བཞག་གི་ཕུལ་བྱུང་མཚོན་བྱེད་ཅིག་ཡིན་པའི་ཆ་ནས། ཕོ་བྲང་པོ་ཏ་ལར་ལོ་ངོ་སྟོང་གི་རིང་ལ་འཕོ་འགྱུར་མང་པོ་བྱུང་ཡང་སྔར་བཞིན་བརྗིད་ཉམས་ཆེན་པོས་ཀྲུང་ཧྭའི་རིག་གནས་རྒྱ་ཆེ་ཞིང་གཏིང་ཟབ་པ་དང་རྒྱུན་མི་ཆད་པའི་གསོན་ཤུགས་མངོན་བཞིན་མཆིས། དེ་ཡང་རང་ལྗོངས་ཀྱིས་རྒྱུན་འཁྱོངས་ལྷོད་མེད་ངང་ཕྱོགས་ཡོངས་ནས་སྲུང་སྐྱོབ་གང་ལེགས་བྱས་པ་དང་ཁ་བྲལ་ཐབས་མེད།
རང་ལྗོངས་སུ་ཕུན་སུམ་ཚོཌ་པའི་ལོ་རྒྱུས་ཀྱི་རིག་དངོས་ཐོན་ཁུངས་ཡོད་ཅིང་། 2022ལོའི་ལོ་མཇུག་བར། ལྗོངས་ཡོངས་ཀྱི་རིགས་ཁག་གི་རིག་དངོས་ས་ཚིགས་4468དང་། རིམ་ཁག་རིག་དངོས་སྲུང་སྐྱོབ་ཚན་པ་2373 སྤོ་རུང་བའི་རིག་དངོས་ཁྲི་51ཙམ་ལ་ཞིབ་བཤེར་ཐོ་འགོད་བྱས་ཡོད། དེ་དང་དུས་མཚུངས། རྒྱལ་ཁབ་ཀྱིས་བོད་ཀྱི་རིག་དངོས་གལ་ཆེན་ལ་སྲུང་སྐྱོབ་བྱེད་པའི་རྣམ་གྲངས་ལག་ལེན་ཤུགས་ཆེན་བསྟར་ཏེ། 1972ལོར་གཙུག་ལག་ཁང་ཉམས་གསོ་བྱས་རྗེས། མ་དངུལ་འབོར་ཆེན་བཏང་ནས་ཕོ་བྲང་པོ་ཏ་ལ་དང་། ནོར་བུ་གླིང་ཁ། གཙུག་ལག་ཁང་སོགས་ཀྱི་རིག་དངོས་གནའ་ཤུལ་ལ་ཉམས་གསོ་དང་སྲུང་སྐྱོབ་བྱས་པ་རེད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཀྲུང་དབྱང་ནོར་སྲིད་ཀྱིས་རིམ་རྩིས་བྱས་ན་བོད་ལ་མ་དངུལ་སྒོར་དུང་ཕྱུར་17.16བཏང་ནས་རིག་དངོས་སྲུང་སྐྱོབ་རྣམ་གྲངས་131ལག་བསྟར་བྱས་པ་དང་། བོད་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར་4བཏང་ནས་རིག་དངོས་སྲུང་སྐྱོབ་རྣམ་གྲངས་86ལག་བསྟར་བྱས་ཡོད།
རོགས་སྐྱོར་དང་གསོ་སྐྱོང་བྱས།
ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་གང་ལེགས་བྱས་པ།
བོད་ཀྱི་རིག་གནས་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་། ལོ་རྒྱུས་རིང་བ། རྣམ་པ་ཕུན་སུམ་ཚོགས་པ། ཤིན་ཏུ་རྩ་ཆེ་བ་དང་། བོད་སྐད་ཡིག་དང་། དམངས་ཁྲོད་རྩོམ་རིག སྲོལ་རྒྱུན་གླུ་གར་སོགས་ནི་བོད་མི་རིགས་ཀྱིས་གཙོས་པའི་མི་རིགས་ཁག་གི་ཐུན་མོང་གི་བློ་གྲོས་དང་ལོ་རྒྱུས་ལས་གྲུབ་པའི་སྙིང་བཅུད་རེད་ལ། ཀྲུང་ཧྭའི་རིག་གནས་བང་མཛོད་ཁྲོད་ཀྱི་ངོ་མཚར་ཆེ་བའི་ནོར་བུ་རྩ་ཆེན་ཞིག་ཀྱང་རེད།
ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་སྲུང་སྐྱོབ་གཙོ་བོར་འཛིན་པ་དང་། མྱུར་སྐྱོབ་ཨང་དང་པོར་འཇོག་པ། ལུགས་མཐུན་བེད་སྤྱོད། རྒྱུན་འཛིན་འཕེལ་རྒྱས་བཅས་ཀྱི་བྱེད་ཕྱོགས་མཐའ་འཁྱོངས་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོབ་ཁུལ་གལ་ཆེན་འཛུགས་རྒྱུ་དམིགས་ཚད་དུ་བྱས་པར། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ལ་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་བྱུང་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོ་ནས་ད་བར། ལྷ་ས་གྲོང་ཁྱེར་གྱིས་ལོ་ལྟར“གནས་མཆོག་ལྷ་མོའི་ནམ་དུས”ཞེས་པ་བརྗོད་དོན་དུ་བྱས་པའི་ལྷ་མོ་འཁྲབ་སྟོན་གྱི་བྱེད་སྒོ་གཉེར་གྱི་ཡོད། ལྷ་ས་གྲོང་ཁྱེར་སྲིད་གཞུང་གིས་རིམ་རྩིས་བྱས་ན་ལྷ་མོ་འཁྲབ་སྟོན་གྱི་ཆེད་སྤྱོད་མ་དངུལ་སྒོར་ཁྲི་100ལྷག་ཙམ་བཏང་ནས། ལྷ་མོ་འཁྲབ་སྟོན་བྱ་ཡུལ་བཀོད་སྒྲིག་དང་། སྒྲ་སྐྱེད་སྒྲིག་ཆས། གྲོང་མི་འཁྲབ་སྟོན་པའི་ལས་ཐེབས་ཆག་པའི་ཁ་གསབ་སོགས་ཀྱི་གཏོང་སྒོ་ཐག་གཅོད་ནུས་ལྡན་བྱས་པས། ལྷ་མོའི་ཡིད་དབང་འཕྲོག་ཤུགས་དང་ཤུགས་རྐྱེན་ཐེབས་ཤུགས་ཇེ་ཆེར་ཕྱིན་ཡོད།
སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་། ཤེས་ལྡན་པ་གསོ་སྐྱོང་། མ་དངུལ་གྱི་རོགས་སྐྱོར་ལ་སོགས་པར་ཏང་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་གནང་བར་བརྟེན། ལྗོངས་ཡོངས་ཀྱི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་ཐད་རེ་བ་དང་གསོན་ཤུགས་ཀྱིས་ཁེངས་ཡོད།
ཐོན་ལས་འཕེལ་རྒྱས་བཏང་།
ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ལ་གསོན་ཤུགས་གསར་པ་བསྣན་པ།
ཉེ་བའི་ལོ་ཤས་རིང་། བོད་ཀྱི་འོད་སྟོང་འཕྲོ་བའི་རིག་གནས་ཐོན་ཁུངས་ཀྱིས་རིག་གནས་བསམ་བཀོད་ཀྱི་ཐོན་རྫས་གསར་སྤེལ་ཐད་བློ་སྒོ་གསར་པ་ཞིག་ཕྱེ་ཡོད།
ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་ཡི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་ཕོ་བྲང་པོ་ཏ་ལས་རིག་གནས་བསམ་བཀོད་ཀྱི་ཐོན་རྫས་རིགས་400ལྷག་ཙམ་ཞིབ་འཇུག་གསར་སྤེལ་བྱས་པར། ཐང་ག་དང་། དཀར་ཡོལ། གསེར་དངུལ་རིགས་ཀྱི་ཐོན་རྫས། གཟིམ་སྤོས། བོད་ཤོག་སོགས་ལ་རྔམས་མཐུག་པའི་སྲོལ་རྒྱུན་རིག་གནས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་ཡོད་པ་རེད།
རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ཁག་དང་པོའི་ནང་བཅུག་པའི་ཐང་ག་ནི་རང་ལྗོངས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་པའི་འབྲེལ་ཐག་གལ་ཆེན་ཞིག་དང་རིག་གནས་ཀྱི་མཚོན་བྱེད་གལ་ཆེན་ཞིག་ཏུ་གྱུར་ཡོད།
ལོ་མང་རིང་། རང་ལྗོངས་ཀྱིས་ཐང་གའི་སྒྱུ་རྩལ་སྲུང་སྐྱོབ་དང་དར་སྤེལ་བཏང་བ་དང་། ཐང་གའི་ཐོན་ལས་ཟམ་མི་ཆད་པར་སྟོབས་ཆེར་གཏོང་བར་སྐུལ་འདེད་བཏང་བས། ཐང་གའི་བཞེངས་རྩལ་འདི་ཉིད་རིག་གནས་ཀྱི“ཤུལ་བཞག”ནས་འབབ་འཕར་ཡོང་བའི“རྒྱུ་ནོར”དུ་གྱུར་ཡོད།
གྲངས་གཞི་ལས་མངོན་པར། མིག་སྔར་རང་ལྗོངས་སུ་ལྷ་རིས་པ་3000ལྷག་ཙམ་ཡོད་པ་དང་། ཉེ་འཁོར་གྱི་ཐོན་ལས་མི་སྣ་ཁྲི་ལས་བརྒལ་བ། ལས་གཉེར་བ་ལྷ་ས་དང་། གཞིས་རྩེ། ཆབ་མདོ། ལྷོ་ཁ་བཅས་སུ་ཁྱབ་པ། ལྗོངས་ཡོངས་ཀྱི་ཐང་གའི་ལོའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་2ལས་བརྒལ་ཡོད་པ་རེད།
གཞན་སྐུལ་དང་རྣམ་པ་ཆིག་རྐྱང་གི་ཐོག་ནས་སྔོག་འདོན་དང་སྲུང་སྐྱོབ་བྱེད་པ་ནས་ཇི་མ་ཇི་བཞིན་དུ་འགྲེམས་སྟོན་བྱེད་པའི་བར་དང་། དེ་ནས་རྣམ་པ་འདྲ་མིན་གྱི་མཉམ་འདྲེས་གསར་གཏོད་བྱེད་པའི་བར། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་བྱ་ཐབས་གསར་གཏོད་དང་མ་དངུལ་གཏོང་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས། འོད་སྟོང་འཕྲོ་བའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ལས་གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་མངོན་པར་བྱས་པར། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ལས་དུས་རབས་གསར་པའི་འོད་མདངས་འཚེར་བཞིན་ཡོད་ལ། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གསར་པ་ཞིག་ཏུའང་གྱུར་ཡོད།