དབུ་ཤོག>གསར་འགྱུར།>དམངས་འཚོ།
  • སྐྱིད་པའི་བཀྲ་ཤིས་ཁང་གསར་དུ། བདེ་སྡོད་ལས་བརྩོན་གླུ་སྒྲ་སྙན།

    —— ལྷ་ས་གྲོང་ཁྱེར་གྱི་ཁང་གླ་ཁེ་བའི་སྡོད་ཁང་ཉི་འོད་ཁྱིམ་གཞིས་སྡེ་ཁུལ་དུ་བཅར་འདྲི་བྱས་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-16

    འདི་ནི་ཉི་འོད་ཁྱིམ་གཞིས་སྡེ་ཁུལ་གྱི་གྲོང་མིས་ཤོ་རྒྱག་བཞིན་པ།

    ནམ་མཁའ་སྔོ་ཞིང་དྭངས་ལ་ཉི་འོད་དྲོ་ཞིང་འཇམ། བསིལ་རླུང་དལ་བུར་ལྡང་བའི་དབྱར་དུས་འདིར། གསར་འགོད་པ་ཉི་འོད་ཁྱིམ་གཞིས་སྡེ་ཁུལ་དུ་སྐྱོད་སྐབས། གཡའ་དག་པའི་དགུང་སྔོན་འོག་རྒྱ་ལྕང་དང་། ཤུག་པ། སྦྱར་པ་ལ་སོགས་ཀྱི་སྔོ་ལྗང་ལྗོན་ཤིང་ལ་སྐྱེ་སྟོབས་ཀྱི་དཔལ་ཡོན་རྒྱས་ཤིང་། ཁྲ་ཆིལ་ལེར་བཞད་པའི་ཁམ་བུའི་མེ་ཏོག་གིས་སྡེ་ཁུལ་དེ་ལ་མཛེས་སྡུག་དང་བཀྲག་མདངས་གསར་པ་ཞིག་བསྣན་འདུག

    ཉི་འོད་ཁྱིམ་གཞིས་སྡེ་ཁུལ་ནི་ལྷ་ས་གྲོང་ཁྱེར་གྱི་བདུན་གཅིག་ཤར་ལམ་དུ་གནས་ཤིང་། དེ་ནི་ལྷ་ས་གྲོང་ཁྱེར་གྱི་ཁང་གླ་ཁེ་བའི་སྡོད་ཁང་ཞིག་ཡིན་ཞིང་། རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་7ཙམ་ཟིན་པ་དང་ཁྱོན་སྟར་པ་33དང་ཁྱིམ་དུད་1000ཡོད་པ་རེད།

    སྡེ་ཁུལ་གྱི་རྒྱལ་སྒོའི་ནང་ལོགས་སྨི་50ཙམ་གྱི་སར་ཡོད་པའི་སྤྱི་བསྒྲགས་ལས་སྒྲོམ་དུ་ཁང་གླའི་ཚད་གཞི་སྟེ། སྨི་ངོས་གྲུ་རེར་ཁང་གླ་སྒོར་0.5དང་། སྡེ་ལས་གྲོན་དངུལ་སྨི་ངོས་གྲུ་རེར་སྒོར་0.2ཞེས་ཁ་གསལ་བྲིས་ཡོད་ཅིང་། སྡེ་ལས་ཀྱི་ཅིང་ལི་མིག་དམར་གྱིས་གསར་འགོད་པར། ཚད་གཞི་འདི་2008ལོ་ནས་ད་བར་འགྱུར་ལྡོག་བྱུང་མེད་ཅེས་བརྗོད།

    གསར་འགོད་པ་སྡེ་ཁུལ་གྱི་སྡེ་ལས་བདེ་སྲུང་ཚོགས་ཆུང་གི་ཙུའུ་ཀྲང་ཧྲེ་ཞའོ་ལིན་གྱི་ཁྱིམ་དུ་སྐྱོད་སྐབས། འདི་ནི་སྨི་ངོས་གྲུ་60ཙམ་ཟིན་པའི་ཁང་པ་ཆུང་གྲས་ཤིག་ཡིན་མོད། དེའི་ནང་དུ་འཛིན་ཆས་གང་དགོས་ཅི་དགོས་འདུག

    ཧྲེ་ཞའོ་ལིན་གྱིས། ལོ་བཅུའི་གོང་། ཁྱིམ་ཚང་གི་འཚོ་བའི་ཆ་རྐྱེན་ཞན་པས་ཁང་པ་ཉོ་མ་ཐུབ་སྟབས། ང་ཚོ་ནང་མི་རྣམས་ཉི་འོད་ཁྱིམ་གཞིས་སུ་སྤོས་པ་ཡིན། སྡེ་ཁུལ་གྱི་ཁང་གླ་ཁེ་བས་དངུལ་མང་པོ་གྲོན་ཆུང་ཐུབ་བྱུང་། ང་དང་བཟའ་ཟླས་ལས་ཀ་ཧུར་ཐག་བྱེད་པ་དང་། ཕྲུ་གུའང་རིམ་བཞིན་འཚར་ལོངས་འབྱུང་བཞིན་ཡོད་པས། འཚོ་བའི་གང་ཅིར་སྣང་དག་མི་འདུག ད་ཆ་བཟའ་ཟླས་ཕྱི་ལ་གླ་པ་རྒྱུག་པ་དང་ངས་སྡེ་ཁུལ་དུ་བདེ་སྲུང་བའི་ལས་ཀ་བྱེད་ཀྱི་ཡོད། ཁང་པ་ཆུང་ཡང་ནང་མི་ཚང་མ་ཚ་རུབ་རུབ་ངང་མཉམ་དུ་འཚོ་བ་སྐྱེལ་ཐུབ་པས། ང་རང་བློ་ཡིད་ཚིམ་པོ་འདུག་ཅེས་བརྗོད།

    ལྷ་ས་གྲོང་ཁྱེར་ས་ཁང་བདག་ཁོངས་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལུའེ་ལི་ཐའོ་ཡིས་གསར་འགོད་པར། འགན་ལེན་རང་བཞིན་གྱི་བོགས་གཏོང་སྡོད་ཁང་གི་འགན་ལེན་བྱ་ཡུལ་གཙོ་བོ་ནི་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་དང་བྱ་གཞག་ཚན་པའི་ལས་བྱེད་ལས་བཟོ་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཡོང་འབབ་དམའ་བའམ་ཡང་ན་ཡོང་འབབ་འབྲིང་དམའི་སྡོད་ཁང་ཐད་དཀའ་ངལ་ཡོད་པའི་གྲོང་མི། གྲོང་ཁྱེར་དུ་གླ་པ་རྒྱུག་པར་ཡོང་མཁན་སོགས་རེད་ཅེས་བརྗོད་པ་དང་། ཁོང་གིས། མིག་སྔའི་བར་ལྷ་ས་གྲོང་ཁྱེར་གྲོང་ཁྱེར་ཐད་གཏོགས་ཀྱིས་འགན་ལེན་རང་བཞིན་གྱི་བོགས་གཏོང་སྡོད་ཁང་ཁྱོན་3039གཅིག་གྱུར་བསྐྲུན་པ་དེ་དག་ཚང་མ་སྤྱོད་འགོ་ཚུགས་ནས་བོགས་མར་བཏང་ཡོད། དེའི་ཁོངས་སུ་གྲོང་ཁྱེར་ཐད་གཏོགས་ཀྱི་ཁང་གླ་ཁེ་བའི་སྡོད་ཁང་1000དང་། གྲོང་ཁྱེར་ཐད་གཏོགས་ཀྱི་བོགས་གཏོང་གཞུང་ཁང་1639 གྲོང་ཁྱེར་ཐད་གཏོགས་ལས་ཤག་400བཅས་ཡོད་ཅེས་ངོ་སྤྲོད་བྱས།

    ཧྲེ་ཞའོ་ལིན་གྱི་ཁྱིམ་ནས་ཐོན་རྗེས་གསར་འགོད་པས་སླར་ཡང་ཁྱིམ་ཚང་གཞན་ཞིག་ཏུ་བསྐྱོད་ཅིང་། སྦྱིན་བདག་ཚེ་གསུམ་གྱིས་ང་ཚོ་ཚང་མ་ཁྱིམ་དུ་བསུས། ཚེ་གསུམ་གྱི་ནང་མི་བཞི་པོ་འདི་གར་སྡོད་ཅིང་། ཁོང་གི་བུ་མོ་དང་མག་པས་ཕྱི་ལ་གླ་པ་རྒྱུག་པ་དང་། ལོ་72ལ་སླེབས་པའི་ཚེ་གསུམ་གྱིས་ཚ་བོ་སློབ་གྲྭར་སྐྱེལ་བསུ་བྱེད་པ་ཕུད། ཁྱིམ་ཚང་ལ་གཙང་སྦྲ་བྱེད་ཀྱི་ཡོད། ཁྱིམ་ལས་ཚར་རྗེས། ཁོང་གིས་སྡེ་ཁུལ་གྱི་ཁྱིམ་མཚེས་ཚོ་དང་མཉམ་དུ་ཉི་མ་བསྲོ་ཞོར་ཅི་འཕྲོས་མོལ་འཕྲོས་བྱེད་ཀྱི་ཡོད། ཚེ་གསུམ་གྱིས། འདི་ཁུལ་གྱི་ཁོར་ཡུག་ཡག་པོ་ཡོད་པ་མ་ཟད། སྤྱི་སྤྱོད་རླངས་འཁོར་འབབ་ཚུགས་ཡང་སྡེ་ཁུལ་དང་བར་ཐག་སྨི་50ཡི་སར་ཡོད་པས། ཕྲུ་གུ་སློབ་གྲྭར་སྐྱེལ་བ་དང་རྒན་རྒོན་སྨན་བཅོས་བྱེད་པར་འགྲོ་སྐབས་སྟབས་ཧ་ཅང་བདེ་པོ་འདུག་ཅེས་བརྗོད།

    ལུའེ་ལི་ཐའོ་ཡིས་གསར་འགོད་པར། སྐབས་དེ་དུས་སྤྱི་སྤྱོད་རླངས་འཁོར་འབབ་ཚུགས་འཛུགས་སྐབས། ང་ཚོས་རང་འགུལ་ངང་སྤྱི་སྤྱོད་རླངས་འཁོར་ཀུང་སི་དང་འབྲེལ་གཏུག་བྱས་ནས་འབབ་ཚུགས་དེ་སྡེ་ཁུལ་གྱི་སྒོ་འགྲམ་དུ་བཙུགས་པས། མང་ཚོགས་འགྲོ་སྐྱོད་བྱེད་པར་སྟབས་བདེ་ཆེན་པོ་བསྐྲུན་ཡོད་ཅེས་བརྗོད་པ་དང་། ཁོང་གིས། སླད་་་་་་ཕྱིན་ད་དུང་འགན་ལེན་རང་བཞིན་གྱི་བོགས་གཏོང་སྡོད་ཁང་གི་འབྲེལ་ཡོད་སྲིད་ཇུས་དྲིལ་བསྒྲགས་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས། འགན་ལེན་རང་བཞིན་གྱི་སྡོད་ཁང་བོགས་མར་ལེན་མཁན་དང་། ཁང་ཁུངས། བོགས་དངུལ་སོགས་ཀྱི་དུས་མཇུག་གི་དོ་དམ་ལས་ཕྱོད་ཆེ་རུ་དང་ཆུ་ཚད་མཐོ་རུ་བཏང་སྟེ། དངོས་འབྲེལ་དགོས་མཁོ་ཡོད་པའི་མི་སེར་དེ་བས་མང་བར་ཏང་དང་སྲིད་གཞུང་གིས་སྦྱིན་པའི་ཕན་བདེ་ལོངས་སྤྱོད་ཐུབ་པ་བྱེད་ཀྱི་ཡིན་ཞེས་བརྗོད།

    ཚེ་གསུམ་གྱི་ཁྱིམ་ནས་གྱེས་རྗེས་གསར་འགོད་པ་ཉི་འོད་ཁྱིམ་གཞིས་སྡེ་ཁུལ་གྱི་སྒོ་རར་བསྐྱོད་ཅིང་། བྱེད་སྒོ་ལྟེ་གནས་ཀྱི་ཕྱི་རོལ་ཏུ་རྒན་རྒོན་འགའ་ཤས་རུབ་རུབ་བྱས་ནས་ཧ་ཧ་དང་ཧུ་ཧུ་ཞེས་སྣང་བ་སྐྱིད་པོ་དང་བག་ཕེབས་ངང་ཉི་མ་བསྲོ་ཞོར་ཤོ་རྒྱག་བཞིན་འདུག

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།