དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཀྲེ་ཅང་གིས“དཔེ་སྟོན་གྲོང་ཚོ་སྟོང་དང་གྲོང་ཚོ་ཁྲིར་བཅོས་སྒྲིག”ལས་གྲྭར་སྐུལ་འདེད་བཏང་བ།

    ལོ་ངོ་20ཡི་རིང་བློ་རྩ་བརྟན་པོས་བྱ་གཞག་གི་རྒྱུན་བསྐྱངས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-06-15

    རྩོམ་སྒྲིག་པའི་སྦྲགས་མཆན།

    “དཔེ་སྟོན་གྲོང་ཚོ་སྟོང་དང་གྲོང་ཚོ་ཁྲིར་བཅོས་སྒྲིག”ལས་གྲྭ(གཤམ་དུ“ལས་གྲྭ་ཁྲི་སྟོང”ཞེས་བསྡུ་རྒྱུ)ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲེ་ཅང་དུ་ཕྱག་ལས་གནང་སྐབས་སྐུ་ངོ་མས་འཆར་འགོད་དང་། སྐུ་ངོ་མས་བཀོད་སྒྲིག སྐུ་ངོ་མས་སྐུལ་འདེད་བཅས་གནང་བའི་ཐབས་ཇུས་འགངས་ཆེན་ཞིག་རེད། དེ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་ལོ་20སོང་རིང་ཀྲེ་ཅང་གི་གྲོང་གསེབ་ཀྱི་རྣམ་པར་འགྱུར་ལྡོག་གཏིང་ཟབ་སོང་བ་དང་མཛེས་སྡུག་ལྡན་པའི་གྲོང་ཚོ་ཁྲི་སྟོང་བཏོད་ཡོད།

    ཟླ་6ཚེས་12ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་བ་དང་ཀྲེ་ཅང་གི“དཔེ་སྟོན་གྲོང་ཚོ་སྟོང་དང་གྲོང་ཚོ་ཁྲིར་བཅོས་སྒྲིག”གི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་གཏིང་ཟབ་གནང་བ་རེད། ཁོང་གིས་བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ“ལས་གྲྭ་ཁྲི་སྟོང”གི་ཉམས་མྱོང་བློ་འབྱེད་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གསལ་པོ་དང་མཐར་ཕྱིན་ཤེས་པ་དང་དོན་འཁྱོལ་ཏན་ཏིག་བྱས་ནས་ཚན་རིག་དང་མཐུན་པའི་འཇིག་རྟེན་གྱི་ལྟ་བ་དང་བརྟག་ཐབས་སྨྲ་བ་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་ཁོང་དུ་ཆུད་པ་དང་། ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ལྟ་བ་བརྟན་པོ་འཛུགས་པ། དོན་དངོས་ལ་མཐོང་ཆེན་དང་དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་བཅས་བྱས་ཏེ་དུས་རབས་གསར་པའི་བོད་ཀྱི་བྱ་གཞག་ཁག་གི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    དེ་རིང་ནས་བཟུང་འདི་ག་ཚགས་པར་དུ“‘ལས་གྲྭ་ཁྲི་སྟོང’གི་ཉམས་མྱོང་བློ་འབྱེད་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ཏེ་དུས་རབས་གསར་པའི་བོད་ཀྱི་བྱ་གཞག་ཁག་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བའི”རིམ་སྤེལ་གནས་ཚུལ་བཀོད་ནས། ཀྲེ་ཅང་གི“ལས་གྲྭ་ཁྲི་སྟོང”གི་ཉམས་མྱོང་ཡག་པོ་དང་བྱེད་ཐབས་ཡག་པོ་ངོ་སྤྲོད་དང་། རང་ལྗོངས་ཀྱི་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་དང་ལས་ཀའི་བླང་བྱ་དོན་འཁྱོལ་གྱི་གནས་ཚུལ་དང་། གྲོང་གསེབ་དར་རྒྱས་དང་། མཛེས་སྡུག་ལྡན་པའི་བོད་གསར་བསྐྲུན་པའི་ལག་ལེན་གསར་པ་དང་བྱས་རྗེས་གསར་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ཕྱོགས་ཡོངས་ནས་སྐྲུན་པའི་འགན་འཁྲི་གསར་པ་དང་རྣམ་པ་གསར་པ་བཅས་མངོན་པར་བྱེད་ཀྱི་ཡིན།

    མི་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་ཡང་བསྐྱར་བསྐྲུན།

    2003ལོའི་ཟླ་6ཚེས་5ཉིན་བློ་མཐུན་ཞི་ཅིན་ཕིང་སྐུ་ངོ་མས་སྐུལ་སློང་ཚོགས་ཆེན་འཚོགས་ཏེ“དཔེ་སྟོན་གྲོང་ཚོ་སྟོང་དང་གྲོང་ཚོ་ཁྲིར་བཅོས་སྒྲིག”གི་ལས་གྲྭར་ཕྱོགས་ཡོངས་ནས་བཀོད་སྒྲིག་གནང་བ་དེ་ནས་བཟུང་། ལོ་20ཡི་རིང་ཀྲེ་ཅང་གིས་རྒྱུན་སྲིང་ལྷོད་མེད་ངང“ལས་གྲྭ་ཁྲི་སྟོང”ལ་སྐུལ་འདེད་བཏང་ནས་ཞིང་པ་ཁྲི་སྟོང་མང་པོའི་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྒུག་ཆེན་པོར་ལན་བཏབ་པ་དང་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་གྱི་གསོན་ཉམས་དོད་པའི་དཔེ་སྟོན་དུ་གྱུར་པ་མ་ཟད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀྲེ་ཅང་གི་ལེའུ་རྩོམ་ཆེད་རྨང་གཞི་བཏིང་ཡོད།

    དབྱར་འགོར་དུང་ལུའུ་རྫོང་ཧོན་ཤིས་གྲོང་ཚོར་ཆུ་ཕྲན་ཤང་ཤང་དུ་རྒྱུག་པ་དང་ལྗོན་ཤིང་དང་མེ་ཏོག་སོས་པའི་དབུས་སུ་མང་ཚོགས་ཀྱི་སྡོད་ཁང་ཆགས་ནས་ཡུལ་སྐོར་བ་དེ་གར་སོས་དལ་དུ་ཡོང་བར་ཡིད་དབང་འགུག་བཞིན་ཡོད། དེས་ན་ལོ་ངོ་20ཡི་གོང་དུ་དེ་གར་ནི“བཙོག་ཆུའི་དྲི་ངན་འཐུལ་བ་དང་གད་རྙིགས་གང་སར་འཁྱེར་བའི”གྲོང་ཚོ་ཞིག་ཡིན་པ་མི་ཚོའི་བློ་ཡུལ་ལས་འདས་པ་ཞིག་རེད།

    སྐབས་དེ་དུས་ཀྱི་ཧོན་ཤིས་གྲོང་ཚོ་ནི་དུས་རབས་21པའི་དུས་འགོའི་སྐབས་ཀྱི་ཀྲེ་ཅང་གི་གྲོང་གསེབ་ཀྱི་དངོས་ཡོད་རྣམ་པ་ཞིག་ཡིན་ཞིང་། དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་སོང་རུང་གྲོང་གསེབ་ཀྱི་རྣམ་པ་ཞན་པ་དང“ཁང་པའི་ནང་ལ་དེང་རབས་ཅན་དང་ཕྱི་ལ་བཙོག་ཟིང་ཞན་གསུམ”དང“ཁང་པ་གསར་པ་ཡོད་ཀྱང་གྲོང་ཚོ་གསར་པ་མེད་པ”སོགས་ཀྱི་སྣང་ཚུལ་ཧ་ཅང་མངོན་གསལ་དོད་པོ་ཡོད། ཞིང་ཆེན་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས་གྲལ་བཤེར་བྱས་པར་གཞིགས་ན་སྐབས་དེ་དུས་ཞིང་ཆེན་ཡོངས་ཀྱི་གྲོང་ཚོ་4000ཁོར་ཡུག་ལེགས་ཙམ་ཡོད་པ་ལས་དེ་བྱིངས་ཀྱི་གྲོང་ཚོ་ཁྲི་3ལྷག་ཙམ་གྱི་ཁོར་ཡུག་ཞན་ཙམ་ཡོད་པ་རེད།

    སྐྱེ་ཁམས་ཞིང་ཆེན་འཛུགས་སྐྲུན་དང“ལྗང་མདོག་ཀྲེ་ཅང”གཏོད་པར་གྲོང་གསེབ་ནི་གཙོ་གནད་དང་དཀའ་གནད་ཅིག་རེད་ལ་གཡུལ་ས་གཙོ་བོའང་རེད།“ལས་གྲྭ་ཁྲི་སྟོང”གིས་གྲོང་གསེབ་ཀྱི་ཐོན་སྐྱེད་དང་། འཚོ་བ། སྐྱེ་ཁམས་བཅས་ལེགས་སུ་གཏོང་བ་གཙོ་གནད་དུ་བྱས་ཏེ་ཞིང་པའི་འཚོ་བའི་སྤུས་ཚད་མཐོ་རུ་ཧུར་ཐག་བཏང་ཡོད། “མི་དམངས་མང་ཚོགས་ཚོར་ཆུ་གཙང་མ་འཐུང་རྒྱུ་ཡོད་པ་དང་། མཁའ་རླུང་སོས་པ་རྔུབ་རྒྱུ་ཡོད་པ། བློས་འགེལ་ཆོག་པའི་ཟས་རིགས་བཟའ་རྒྱུ་ཡོད་པ”བཅས་ཀྱི་ཆེད་2003ལོ་ནས་བཟུང་ཀྲེ་ཅང་གི་བྱ་གཞག་ཚང་མའི་ཁྲོད་དམངས་ཕན་བྱ་སྤྱོད་དེ་དོན་འཁྱོལ་བྱས་ཡོད།

    “སྐྱིད་སྣང་དོད་ལ་དཀར་ཆ་དོད་པའི་གསང་སྤྱོད་ཡོད་པ”ནི་དེ་སྔ་ཀྲེ་ཅང་ཁྲང་ཧྲན་རྫོང་གི་རི་ཁུལ་གྱི་གྲོང་མི་མི་ཉུང་བ་ཞིག་གི་བསམ་འདུན་རེད། 2017ལོར་ས་གནས་དེ་གར་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་དུད་ཚང་2000ལྷག་ཙམ་ཁེར་རྐྱང་གི་གསང་སྤྱོད་མེད་པའི་ས་ཕག་གི་ཁང་པར་སྡོད་དགོས་མོད། འོན་ཀྱང་གསང་སྤྱོད་གསར་བརྗེ་བྱེད་པར་དུད་ཚང་མི་རེ་ངོ་རེས་འགྲོ་གྲོན་འབོར་ཆེན་གཏོང་དགོས་ཀྱི་ཡོད་པ་རེད།

    དཀའ་ངལ་ཇི་ཙམ་ཕྲད་ཀྱང་མི་སེར་གྱི་རེ་སྒུག་ཡིན་ཚེ་སྒྲུབ་ངེས་ཡིན་པ་ལྟར་ཧྲང་ཧྲན་རྫོང་གིས་ནོར་སྲིད་ཁ་ཐང་ནའང་སྒོར་ཁྲི་ཆིག་སྟོང་ལྷག་ཙམ་བཏོན་ནས་དཀའ་ངལ་ཡོད་པའི་མང་ཚོགས་དུད་ཚང་2000ལྷག་ཙམ་ལ་ཁྱད་ཆོས་དཔེ་གསར་གྱི་གསང་སྤྱོད་བརྒྱབ་ཅིང་། བྱེད་ཐབས་དེས་གྲོང་གསེབ་ཀྱི་གསང་སྤྱོད་བཤིག་ཚད་100%ཟིན་ནས་གྲོང་གསེབ་ཀྱི་ཁོར་ཡུག་རྣམ་པ་གསར་རྐྱང་དུ་འགྱུར་བར་སྐུལ་འདེད་བཏང་ཡོད།

    ལོ་20ཡི་རིང་ཀྲེ་ཅང་གིས་མི་སེར་གྱིས་སེམས་ཁུར་ཆེ་ཤོས་བྱེད་པའི་གནད་དོན་ལ་དམིགས་ཏེ་གད་སྙིགས་གཙང་སེལ་དང་། བཙོག་ཆུ་གཙང་གསིང་། གསང་སྤྱོད་གསར་བརྗེ་སོགས་ལས་གྲྭ་སྔོན་ལ་འགོ་བཙུགས་ཏེ་ཀྲེ་ཅང་གི“ལས་གྲྭ་ཁྲི་སྟོང”ཟམ་མི་ཆད་པར་ཟབ་ཏུ་བཏང་སྟེ“དཔེ་སྟོན་གྲོང་ཚོ་སྟོང་དང་གྲོང་ཚོ་ཁྲིར་བཅོས་སྒྲིག”ནས“སྤུས་རྟགས་གྲོང་ཚོ་སྟོང་དང་མཛེས་ལྡན་གྲོང་ཚོ་ཁྲི”ཡི་བར་དང་དེ་ནས“གྲོང་ཚོ་སྟོང་གི་འབྱུང་འགྱུར་དང་གྲོང་ཚོ་ཁྲིའི་ཐུན་མོང་འབྱོར་ཕྱུག”བར་བཅས་ལས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པའི་ཁྲོད་ཀྱི་རྒྱ་ཆེའི་གྲོང་གསེབ་ཀྱི་དགོས་མཁོ་གསར་པ་དང་གནད་དོན་གསར་པའང་མངོན་གསལ་དོད་དུ་སོང་ཡོད།

    2022ལོའི་ལོ་མཇུག་བར་ཀྲེ་ཅང་ཞིང་ཆེན་ཡོངས་ཀྱི་གྲོང་ཚོ་90%ཡན་དུས་རབས་གསར་པའི་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་ཚད་གཞི་ལོན་པ་དང་། མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་དཔེ་སྟོན་རྫོང་70དང་། དཔེ་སྟོན་ཤང་དང་གྲོང་རྡལ་724 མཛེས་ལྗོངས་ཁུལ་743 ཁྱད་ལྡན་སྤུས་རྟགས་གྲོང་ཚོ་2170 མཛེས་སྡུག་ལྡན་པའི་སྒོ་ར་ཁྲི་300ལྷག་ཙམ་བཅས་བཏོད་པ་དང་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་ཞིབ་བཤེར་ཚོད་སྐོར་རྒྱུན་མཐུད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། གྲོང་ཚོ་བཅོས་སྒྲིག་དང་འཛུགས་སྐྲུན་བྱེད་པ་དེ་ཡང་ཀྲེ་ཅང་གི་ཞིང་པས“ཁྱིམ་དུད་ཀྱི་ཐོན་ཚད་དང་སྦྲེལ་བའི་འགན་གཙང་ལེན་གྱི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱས་རྗེས་ཏང་དང་སྲིད་གཞུང་གིས་ཞིང་པར་སྒྲུབ་པའི་དགའ་བསུ་ཆེ་ཤོས་དང་ཕན་པ་ཆེ་ཤོས་ཐོབ་པའི་དོན་དངོས་ཤིག་རེད”ཅེས་ཤོད་ཀྱི་ཡོད།

    ལྗང་མདོག་འདུ་ཤེས་མཐའ་འཁྱོངས་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་ལ་གསོན་ཤུགས་སྦྱིན།

    དེ་སྔའི་ཤང་དབྱང་གྲོང་ཚོར་ས་ཞིང་ས་རྒོད་དུ་ཚབས་ཆེན་གྱུར་ཅིང་མཉམ་སྡེབ་དཔལ་འབྱོར་གྱི་བུ་ལོན་སྒོར་ཁྲི་150ལྷག་ཙམ་ཟུག་ནས་ས་གནས་དེ་གའི་ཉམས་ཞན་གྲོང་ཚོའི་གྲས་ཤིག་རེད། 2012ལོར་གྲོང་ཚོས་ཁོར་ཡུག་བཅོས་སྒྲིག་བྱེད་པ་ནས་འགོ་བཙུགས་ཏེ་ས་ཞིང་ནང་བཤུག་གཏོང་བ་དང་གྲོང་མི་མ་རྐང་ལ་ཞུགས་པ་སོགས་ཀྱི་རྣམ་པར་བརྟེན་ནས་ཤིང་འབྲས་ལས་གཏོད་གླིང་བསྐྲུན་པ་རེད། གྲོང་ཚོ་མཛེས་པོར་གྱུར་ནས་ལྗང་མདོག་སྐྱེ་ཁམས་ཀྱི་དེང་རབས་ཞིང་ལས་འཕེལ་རྒྱས་བྱུང་བ་མ་ཟད། རྒྱ་ཁྱོན་མུའུ་2500ཙམ་ཟིན་པའི་ཝུན་དབྱང་ཤང་དབྱང་ལི་རྣམ་གྲངས་ལས་ཁྱིམ་ཚང་མགྲོན་ཁང་མཉམ་འདུས་དང་འཕེལ་ཕྱོགས་གསར་པའི་སྒྱུ་རྩལ་སོགས་ལས་རྣམ་གསར་པ་བཏོད་ཡོད།

    ཤང་དབྱང་གྲོང་ཚོའི་འཕོ་འགྱུར་ནི་ཀྲེ་ཅང་གིས“ལས་གྲྭ་ཁྲི་སྟོང”ཁྲིད་སྟོན་དུ་བྱེད་པ་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་སྐྲུན་པའི་བསྡུས་རིས་ཤིག་རེད་ལ་ཀྲེ་ཅང་གིས་སྐྱེ་ཁམས་ཤེས་དཔལ་འདུ་ཤེས་མཐའ་འཁྱོངས་བྱས་ཏེ་ལྗང་མདོག་འཕེལ་རྒྱས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་གཏོང་བའི་ལག་ལེན་ཞིག་ཀྱང་རེད།

    ལོ་20ཡི་རིང་ཀྲེ་ཅང་གིས་མུ་མཐུད་འབད་བརྩོན་དང་རྒྱུན་མཐུད་ཟབ་ཏུ་བཏང་ནས་ཁོར་ཡུག་ལ་དམིགས་ནས་ཁོར་ཡུག་ཁོ་ན་དམ་འཛིན་མི་བྱེད་པར་སྤྱི་འདོམས་འཕེལ་རྒྱས་ཀྱི་བྱེད་ཐབས་ཕྱོགས་བསྡུས་སྤྱད་དེ་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་གཉེར་སྐྱོང་གཅིག་གྱུར་བྱས་ནས་སྐྱེ་ཁམས་ཀྱི་ལེགས་ཆ་འཛད་མེད་ཆད་མེད་ཀྱིས་ཐོན་ལས་ཀྱི་ལེགས་ཆར་བསྒྱུར་བས། སྤྲོ་གསེང་ཡུལ་སྐོར་དང་། ལུས་རྩལ་བདེ་ཐང་། དྲ་ཐོག་ཚོང་དོན། རིག་གནས་བསམ་བཀོད་སོགས་གྲོང་གསེབ་ཀྱི་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ཡོད།

    ཞིང་ཁ་སྤྱི་གླིང་དུ་གྱུར་བ་དང་། གྲོང་ཚོ་མཛེས་ལྗོངས་ཁུལ་དུ་གྱུར་པ། ཞིང་པའི་སྡོད་ཁང་མགྲོན་ཁང་དུ་གྱུར་པ། གྲོང་མི་རྐང་བདག་ཏུ་གྱུར་པ་ལ་སོགས་ལོ་20ཡི་རིང་ཀྲེ་ཅང་གི་གྲོང་གསེབ་མང་པོར“རི་སྔོ་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག་པ”མངོན་འགྱུར་ཐུབ་ཡོད། 2022ལོར་ཞིང་ཆེན་ཡོངས་ཀྱི་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་གྱི་གཉེར་སྐྱོང་ཡོང་འབབ་སྒོར་ཁྲི་50ཡན་ཟིན་ནས་སྲིད་འཛིན་གྲོང་ཚོའི་བསྡུར་གྲངས་ཀྱི་51%བཟུང་བ་དང་གྲོང་གསེབ་ཀྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་37565ཟིན་ནས་ལོ་38བསྟུད་མར་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་ཨང་དང་པོར་སླེབས་ཡོད་པ་རེད།

    མིག་སྔའི་བར་ཕ་ཡུལ་དུ་ལས་གཏོད་གསར་གཏོད་བྱེད་པའི་སློབ་གྲྭ་ཆེ་མོ་བའི་ཞིང་ལས་མངོན་འགྱུར་བའི་གྲངས་འབོར་ཁོ་ན་ཁྲི་4.7ལྷག་ཙམ་ཟིན་ནས་གྲོང་གསེབ་ཀྱི་རྒྱུན་མཐུད་འཕེལ་རྒྱས་ལ་གསོན་ཤུགས་དང་འགུལ་ནུས་བསྣན་ཡོད།

    གྲོང་ཁྱེར་དང་གྲོང་གསེབ་ལ་སྤྱི་འདོམས་མཐའ་འཁྱོངས་བྱས་ཏེ་གྲོང་གསེབ་ཀྱི་མཛེས་སྡུག་ལྡན་པའི་འཚོ་བ་ལོངས་སུ་སྤྱད།

    ཀྲེ་ཅང་དུ་ཕྱག་ལས་གནང་རིང་བློ་མཐུན་ཞི་ཅིན་ཕིང་གིས“ལས་གྲྭ་ཁྲི་སྟོང”ནི་ཀྲེ་ཅང་གིས་གྲོང་ཁྱེར་དང་གྲོང་གསེབ་ལ་སྤྱི་འདོམས་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་བྱེད་ཐབས་ཤིག་ཏུ་བརྩིས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ལ་སྤྱི་འདོམས་བྱེད་རིང་གི་འཆར་འགོད་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྤྱི་ཚོགས་བྱ་གཞག་གི་འཕེལ་རྒྱས་མགྱོགས་སུ་བཏང་ནས་སྤྱི་པའི་ནོར་སྲིད་དང་སྤྱི་པའི་ཞབས་འདེགས་གྲོང་གསེབ་ཏུ་ཁྱབ་པར་སྐུལ་འདེད་གཏོང་དགོས་ཞེས་བཏོན་གནང་ཡོད།

    ལོ་20ཡི་རིང་སྐབས་རིམ་བྱུང་གི་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་རྒྱུན་མཐུད་སྐུལ་འདེད་འོག“ལས་གྲྭ་ཁྲི་སྟོང”གཏིང་ཟབ་ཏུ་གཏོང་བ་དེ་ཀྲེ་ཅང་གིས་གྲོང་ཁྱེར་དང་གྲོང་གསེབ་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགག་རྩའི་ལས་གྲྭ་ཅིག་ཏུ་གྱུར་ཡོད།

    2022ལོའི་ལོ་མཇུག་བར་ཀྲེ་ཅང་གིས་རིམ་རྩིས་བྱས་ན་གྲོང་གསེབ་ཀྱི་རིག་གནས་ཚོགས་ཁང་20511བསྐྲུན་པ་དང་། ཞིང་པའི་དཔེ་དེབ་ཁང་25335བསྐྲུན་པ། སྐར་མ་30ཡི་སྤྱི་པའི་ཞབས་ཞུའི་ཁུལ་དང་། སྐར་མ་20ཡི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཁུལ། སྐར་མ་15ཡི་སྤུས་དག་རིག་གནས་འཚོ་བའི་ཁུལ་སོགས་གཞི་རྩའི་ཆ་ནས་བསྐྲུན་ཡོད་པ་རེད།

    ཀྲེ་ཅང་གི་ཞིང་པ་ཚོས“འཚོ་བའི་ཐད་གྲོང་ཁྱེར་ལྟར་སྟབས་བདེ་པོ་འདུག་ལ་ཁོར་ཡུག་ཀྱང་གྲོང་ཁྱེར་ལས་ཡག་པ་ཡོད་པས་གྲོང་ཁྱེར་བ་མང་པོ་ཞིག་གིས་གྲོང་གསེབ་ལ་བློ་ཁ་ཕྱོགས་བཞིན་ཡོད”ཅེས་མྱོང་ཚོར་ཟབ་མོས་བརྗོད།

    “ལས་གྲྭ་ཁྲི་སྟོང”ནི་གྲོང་གསེབ་ལ་ཁ་ཕྱོགས་པ་དང་གྲོང་གསེབ་ལ་གཞི་ཚུགས་པ་ཞིག་ཡིན་མོད། འོན་ཀྱང་གྲོང་གསེབ་དང་གྲོང་ཁྱེར་གཉིས་ལོགས་སུ་བཀར་བ་ཞིག་གཏན་ནས་མིན། དེས་ཕྱོགས་གཅིག་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཐོན་ཁུངས་རྒྱུ་རྐྱེན་གཙོ་བོ་ཕན་ཚུན་སྤེལ་རེས་བྱེད་པའི་ལམ་བུ་གཙོ་གནད་དུ་བཟུང་ནས་བཏོད་པ་དང་། ཕྱོགས་གཞན་ཞིག་ནས་གྲོང་གསེབ་ཀྱི་ཁྱད་ཆོས་རང་སོར་འཇོག་པར་སྣང་ཆེན་བྱས་ཏེ་གྲོང་གསེབ་ཞིང་པའི་འཚོ་སྡོད་ཀྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་དང་སེམས་ཀྱི་རྟེན་སའི་བསམ་པའི་ཁྱིམ་གཞིས་ཤིག་ཏུ་བསྐྲུན་པས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འབྲེལ་བར་ཡང་འགྱུར་ལྡོག་གཏིང་ཟབ་བྱུང་ཡོད།

    ཟླ་5ཚེས་28ཉིན་དབུན་ཀྲོའུ་ལུང་ཀང་གྲོང་ཁྱེར་ཧྭ་ཀྲུང་སྡེ་ཁུལ་གྱི་གྲོང་མི་ཧྥེང་ཧྲི་ཨེན་ལ་མི་སྒེར་གྱི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་སྒོར་ཁྲི་15འབྱོར་བ་ལས། ཞིང་པའི་ཚོགས་སྤྱི་སྤྱི་གསོག་མ་དངུལ་གྱི་འགན་སྲུང་མ་ལག་ཏུ་འཇུག་པའི་སྒྱུར་བཅོས་དངོས་སུ་དོན་ཐོག་ཏུ་འཁྱོལ་ནས་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་གྱི་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་པའི་ལམ་ལུགས་ཀྱི་མཁོ་སྤྲོད་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་མཚོན་ཡོད།

    ཉེ་བའི་ལོ་ཤས་རིང་། ཐེམ་ཐོའི་ལམ་ལུགས་སྒྱུར་བཅོས་བྱས་ནས་ཞིང་པའི་ཐེམ་ཐོ་དང་ཞིང་ལས་མིན་པའི་ཐེམ་ཐོའི་ངོ་བོ་དབྱེ་བ་ཕྱོགས་ཡོངས་ནས་མེད་པར་བཟོས་པ་ནས་ས་ཞིང་ལམ་ལུགས་སྒྱུར་བཅོས་བྱས་ནས་གྲོང་གསེབ་ཀྱི་མཉམ་སྡེབ་ཀྱི་གཉེར་སྐྱོང་རང་བཞིན་གྱི་འཛུགས་སྐྲུན་ས་ཆ་ཁྲོམ་རར་ཞུགས་པ་དང་ཁང་ས་གཏའ་མར་འཇོག་པ་དང་ནང་བཤུག་སོགས་བྱ་ཆོག་པ་དང་། དེ་ནས་བདག་དབང་ལམ་ལུགས་དང་། སྤྱི་པའི་ཞབས་ཞུའི་ལམ་ལུགས། སྤྱི་ཚོགས་བཅོས་སྐྱོང་ལམ་ལུགས་སོགས་སྒྱུར་བཅོས་བྱེད་པའི་བར་ཀྲེ་ཅང་གིས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་དེ་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་གཞི་རྩའི་རང་བཞིན་གྱི་སྒྲིག་སྲོལ་དང་ལམ་སྲོལ་གྱི་འགོག་རྐྱེན་བསལ་ནས་གྲོང་གསེབ་ལ་འཕེལ་རྒྱས་ཀྱི་དབང་ཆ་གང་ལེགས་སྤྲད་དེ་གྲོང་གསེབ་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།

    གྲངས་གཞི་ལས་མངོན་པར། ལོ་20ཡི་རིང་ཀྲེ་ཅང་གི་གྲོང་ཁྱེར་ཅན་47.5%ནས་73.4%བར་ཆེ་རུ་ཕྱིན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་ཀྱི་ཧེ་བག་2.37ནས་1.9བར་ཆུང་དུ་ཕྱིན་ནས་རྒྱལ་ཡོངས་ཀྱི་ཧེ་བག་ཆུང་ཤོས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཤིག་རེད།

    ལོ་20ཡི་རིང་རྒྱུན་མཐུད་བྱས་པའི་བྱ་གཞག་རླབས་པོ་ཆེ་དེས་ཀྲེ་ཅང་གི་གྲོང་གསེབ་ལ་མཆོང་སྐྱོད་མང་པོ་བྱུང་བར་འདེགས་སྐྱོར་བྱས་པ་མ་ཟད། མི་རྣམས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་ལེའུ་གསར་པ་རྩོམ་པར་ཁྲིད་སྟོན་ཡང་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།