དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གྲོང་གསེབ་དར་རྒྱས་ཀྱི་ལམ་ཆེན་དུ་སྐྱོད་བཞིན་པའི་དགའ་གྲོང་གྲོང་ཚོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     རྩོམ་པ་པོ།  གསར་འགོད་པ། དཔལ་མཆོག སྤེན་པ། ཚེ་བརྟན་གཡུ་སྒྲོན།   |     སྤེལ་དུས།  2023-06-15

    འདི་ནི་དགའ་གྲོང་གྲོང་ཚོ་ཡིན་པ།

    འདི་ནི་དགའ་གྲོང་གྲོང་ཚོའི་ཟུར་ཞིག་ཡིན་པ།

    འདི་ནི་གསར་འགོད་པས་ཡུལ་མི་རྟ་མགྲིན་ལ་བཅར་འདྲི་བྱེད་བཞིན་པ།

    དཔྱིད་མཐའ་མའི་དུས་ཚིགས་སུ། སྣང་བྱེད་ཉི་མ་གཞོན་ནུས་མི་ལུས་ལ་བདེ་དྲོད་སྦྱིན། མཚན་ཞག་སྲོད་ལ་བབས་པའི་ཁ་བའི་འདབ་མ་ཕྱོགས་བཞིའི་རི་མགོར་ལ་ཐོད་ཀྱི་ཚུལ་དུ་བཅིངས།

    ཉེ་དུས། བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར་ལྟེ་གནས་ཀྱི་བཅར་འདྲི་ཚོགས་ཆུང་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་དཔེ་སྟོན་ཁུལ་ཏེ། སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་གྲོང་རྡལ་དགའ་གྲོང་གྲོང་ཚོར་སྐྱོད་པ་ཡིན། སྔོན་ཆད་ལྷ་ས་གྲོང་ཁྱེར་ནས་ལམ་ཐག་ལེ་དབར་སུམ་ཅུ་ཙམ་ཆོད་ཀྱང་ད་ཆ་གྲོང་ཁྱེར་དང་ཧ་ལམ་ཡུག་གཅིག་ཏུ་འབྲེལ་བའི་གྲོང་ཚོ་འདི་ནི་ལྷ་ས་སྐྱིད་ཆུའི་ཆུ་ལག་སྟོད་ལུང་གཙང་པོའི་བྱང་ངོས་སུ་སྐྱིད་སྣང་དོད་པོར་ཆགས།

    ས་བབ་མཐོ་ཚད་སྨི་3600ཙམ་ལས་མེད་པའི་གྲོང་ཚོ་འདི་ནི་མཚོ་བོད་གཞུང་ལམ་དང་ལྕགས་ལམ་གཉིས་ཀའི་ལམ་རྒྱུད་དུ་འཁེལ་ཞིང་། ཐོག་མར་རྒྱུས་ལོན་བྱེད་སྐབས་1968ལོ་ནས་ད་བར་དགའ་གྲོང་གསར་བརྗེ་ཨུ་ཡོན་ལྷན་ཁང་དང་དགའ་གྲོང་མི་དམངས་ཀུང་ཧྲེ། དགའ་གྲོང་ཤང་ནས་ད་ཆའི་དགའ་གྲོང་གྲོང་མི་ཨུ་ཡོན་ལྷན་ཁང་སོགས་ལོ་རྒྱུས་ཀྱི་འཕེལ་རིམ་བརྒྱུད་ཡོད་པ་རྟོགས་པ་མ་ཟད། ཞིང་འབྲོག་མཉམ་གཉེར་ཁོ་ནར་འཚོ་རྟེན་བཅོལ་མྱོང་བའི་མང་ཚོགས་རྣམས་ནི་ད་ཆ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་ལམ་ཆེན་དུ་སྐྱོད་བཞིན་འདུག

    ཁྱོན་དུད་ཚང་381དང་མི་གྲངས་1190ཡོད་པའི་དགའ་གྲོང་གྲོང་ཚོར་2018ལོ་ནས་ད་བར་བསྟུད་མར་སྟོད་ལུང་བདེ་ཆེན་ཆུས་དང་ལྷ་ས་གྲོང་ཁྱེར་རིམ་པ་གཉིས་ཀྱི་སྔོན་ཐོན་ཏང་རྩ་འཛུགས་དང་སྔོན་ཐོན་གྲོང་ཚོའི་མཚན་སྙན་ཐོབ་ཡོད་ཅིང་། ང་ཚོས་མཚན་སྙན་འདི་བརྒྱུད་ཤེས་རྟོགས་ཐུབ་པ་ནི་གྲོང་ཚོ་འདི་ལ་ཏང་རྩ་འཛུགས་སྟོབས་ཆེན་ཞིག་ཡོད་པ་དང་རྩ་འཛུགས་དེའི་སྣེ་ཁྲིད་འོག་སྔོན་ཆད་ཞིང་འབྲོག་གི་ཐོན་ལས་དང་པོ་ཁོ་ནར་འཚོ་རྟེན་བཅོལ་བཞིན་ཡོད་པ་ནས། དེང་གི་ཆར་གྲོང་ཚོ་ཡོངས་ཀྱི་མང་ཚོགས་ཀྱི་བསམ་བློར་བཅིངས་འགྲོལ་ཐོབ་སྟེ། ད་ཡོད་ཞིང་པའི་ཆེད་ལས་མཉམ་ལས་ཁང་བཅུ་གསུམ་དང་། ཞིང་པའི་དངོས་གཞིའི་ཁེ་ལས་ཁག་གསུམ། དེ་བཞིན་སྟོད་ལུང་བདེ་ཆེན་ཆུས་ཀྱི་ས་གཙང་དྲོད་ཁང་ཆེན་པོ་དང་རྒུ་རུམ་གྲོང་རྡལ་གྱི་ས་གཙང་དྲོད་ཁང་ཆེན་པོ་སོགས་བསྐྲུན་པའི་འབྲས་བུར། 2022ལོའི་ལོ་མཇུག་ཏུ་གྲོང་ཚོ་ཧྲིལ་པོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི་278དང་གྲོང་ཚོ་ཧྲིལ་པོའི་ཞིང་འབྲོག་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་27800ཟིན་ཅིང་། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལོ་རེ་ལས་མ་འདས་པར་ལེགས་བཅོས་བྱུང་བས། དགའ་གྲོང་གྲོང་ཚོའི་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་གྲོང་ཁྱེར་དང་སྤྱིར་ན་ཧེ་བག་མེད་པའི་བར་གྱི་འགྱུར་ལྡོག་བྱུང་ཡོད་པ་ཤེས་བྱུང་།

    ལོ་ན་གཞོན་ཡང་རྒན་བཟོ་དོད་པའི་དགའ་གྲོང་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་དང་པོ་རྣམ་རྒྱལ་རྒྱལ་པོས་ང་ཚོར་མིག་སྔའི་ལས་དོན་ཁག་གཅིག་ངོ་སྤྲོད་གནང་དོན། སྔོན་ཆད་གྲོང་ཚོའི་མང་ཚོགས་ལ་ཐོན་འབབ་འབྲིང་ཙམ་ཡོད་པ་དེ་ནི་ཞིང་ཁ་ཁོ་ན་བཏབ་པ་ལས་བྱུང་བ་ཞིག་རེད། ད་ལྟ་ས་རྒྱུ་ལེགས་ལ་ཐོན་འབབ་མང་བའི་ཞིང་ཁ་རང་ཁྱིམ་གྱིས་འདེབས་པ་ཕུད། དེ་མིན་བོགས་མར་བཏང་ཡོད་པས། ལས་ཞོར་གྱི་དུས་ཚོད་མང་པོ་ཞིག་ཕྱི་ཕྱོགས་སུ་ཡོང་འབབ་འཕར་མ་གསོག་པར་འགྲོ་ཁོམ་ཡོད། 2019ལོ་ནས་བཟུང་གྲོང་ཚོའི་སྡོད་མལ་སྐྱེ་ཁམས་ཁོར་ཡུག་བཅོས་སྒྲིག་བྱས་པ་སྟེ། གཙོ་བོར་གྲོང་ཚོའི་ལམ་བཟོ་དང་སྔོ་འགྱུར་ལས་གྲྭ བཙོག་ཆུ་གཙང་བསིང་། གསང་སྤྱོད་སྒྱུར་བཅོས་སོགས་ཀྱི་ལས་དོན་སྤེལ་བས། ལྗོངས་རིམ་པའི་སྐྱེ་ཁམས་དཔེ་སྟོན་གྲོང་ཚོར་གྱུར་པ་རེད། ད་ལོར་རྒྱལ་ཁབ་ཀྱི་གཅིག་གྱུར་འཆར་འགོད་བཞིན་ཚད་གཞི་མཐོ་བའི་ཞིང་ཁ་བཟོས་ཏེ་མུའུ་1700ཙམ་ལ་སྒྱུར་བཀོད་བྱས་པས། གྲོང་ཚོའི་ཞིང་ལས་ཀྱི་རྨང་གཞི་དེ་བས་བརྟན་དུ་འགྲོ་ཡི་རེད་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།