རི་བོ་ཆེ་རྫོང་སྤང་དགའ་གྲོང་ཚོས“ཏང་འཛུགས་སྐྱོང་དང་རིག་གནས་ཡུལ་སྐོར་ཟུང་འབྲེལ”ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།
གྲོང་སྡོད་ལས་དོན་སྤེལ་བ་ནས་བཟུང་། ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་མཁར་དམར་མདོ་ཤང་སྤང་དགའ་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་ཁག་བཅུ་གཅིག་པས་གནས་ཡུལ་གྱི་ལེགས་ཆ་དང་ཐོན་ཁུངས་ཀྱི་ཁྱད་ཆོས་ལ་གཞི་ཚུགས་ནས“ཏང་འཛུཌ་སྐྱོང+”དམ་འཛིན་བྱ་གཞིར་བྱས་ཏེ། ལས་ཀའི་གཞི་རྟེན་གསར་གཏོད་ཀྱིས་གཞི་རིམ་ཏང་འཛུགས་སྐྱོང་དང་། རིག་གནས་ཡུལ་སྐོར། ཐོན་ལས་འཕེལ་རྒྱས་བཅས་མཉམ་འདྲེས་ལ་སྐུལ་འདེད་དང་ཤུགས་སྣོན་བརྒྱབ་པས། ཏང་འཛུགས་སྐྱོང་གིས་སྤང་དགའ་གྲོང་ཚོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་ལམ་བུ་གསར་པར་སྐྱོད་ཐུབ་པ་རེད།
ཡུལ་སྐོར་བའི་ཡིད་དབང་འགུགས་ཆེད། ལས་དོན་རུ་ཁག་གིས་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་མཉམ་དུ་ཇུས་འགོད་ཧུར་ཐག་དང་རང་འགུལ་ངང་ལས་དོན་སྤེལ་ཞིང་། མ་དངུལ་སྒོར་ཁྲི་50ལྷག་ཙམ་བརྩོན་ལེན་གྱིས་རིག་གནས་ཡུལ་སྐོར་རིམ་པ་སྤོར་བའི་རྣམ་གྲངས་ལག་ལེན་བསྟར་ནས“རྒྱལ་ལམ་317ལམ་ཐིག་གི‘1314’ཡི་དྲ་ཐོག་མིང་ཅན་གནས་ཡུལ”བཏོད་པ་དང་། ཚད་ལྡན་ཅན་གྱི་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་བསྐྲུན་པ་རྨང་གཞིར་བྱས་ནས“རྒྱལ་ལམ་317གྱི་གཅེས་སེམས་ས་ཚིགས”བཏོད་པ་དང་། “ཟ་སྡོད་སྐྱོབ་འདྲི་དང་ཆུ་གློག་འཕྲིན་གཏོང་དྲ་བ”སོགས་ཀྱི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་བ་རེད། ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་གང་ལེགས་བཏོན་ཏེ་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་ཏེ་ལམ་རྒྱུད་ཀྱི་ཡུལ་སྐོར་སྒྲིག་ལམ་ཚད་ལྡན་དང་ཞབས་ཞུའི་སྤུས་ཚད་རྒྱུན་ཐད་མེད་པར་མཐོ་རུ་བཏང་བ་བརྒྱུད། སྤང་དགའ་གྲོང་ཚོ་རྒྱལ་ལམ་317བརྒྱུད་ནས་འགྲོ་འོང་བྱེད་མཁན་ཡུལ་སྐོར་བའི“སྣུམ་སྣོན་ས་ཚིགས”དང“ངལ་གསོ་རྒྱག་ས”ལེགས་པོ་ཞིག་ཏུ་གྱུར་པ་རེད།
དེ་དང་ཆབས་ཅིག་དམངས་སྲོལ་རིག་གནས་དང་གྲོང་གསེབ་ཡུལ་སྐོར་ཟུང་འབྲེལ་དང་། སྲོལ་རྒྱུན་ལེ་ཚན་དང་དེང་རབས་སྒྱུ་རྩལ་ཕན་ཚུན་ཟུང་འབྲེལ་བྱས་ཏེ། མང་ཚོགས་སྒྲིག་འཛུགས་བྱས་ནས་དུས་ཚིགས་གལ་ཆེན་དུ་རིག་རྩལ་འཁྲབ་སྟོན་དང་། རིག་དངོས་འགྲེམས་སྟོན། ལག་ཤེས་སྒྱུ་རྩལ་ཐོན་རྫས་འགྲེམས་ཚོང་སོགས་ཀྱི་བྱེད་སྒོ་སྤེལ་ནས། ཡུལ་སྐོར་བ་ཚོས“རི་བོ་ཆེའི་གླིང་བྲོ”སོགས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ལ་མྱོང་རོལ་ཐུབ་པ་དང་ཆབས་ཅིག སྤང་དགའ་གྲོང་ཚོའི་ཡུལ་སྲོལ་གོམས་གཤིས་ཀྱང་ཤེས་རྟོགས་ཐུབ་ནས། སྤང་དགའ་གྲོང་ཚོའི་མང་ཚོགས་དང་འགྲོ་འོང་བྱེད་མཁན་གྱི་ཡུལ་སྐོར་བའི་སེམས་སུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྔར་བས་འཇགས་པར་བྱས་པ་རེད།