བོད་ལྗོངས་ཀྱི་ཚོང་འགུགས་མ་འདྲེན་ལས་དོན་གྱི་མྱུར་ཚད་དང་ཕན་འབྲས་ཆེ་རུ་ཕྱིན་པ།
ཟླ་བ་དང་པོ་ནས་བཞི་པའི་བར་ཚོང་འགུགས་མ་འདྲེན་རྣམ་གྲངས་ཁག་587ལག་བསྟར་བྱས་པ།
འདི་ལོ་ནས་བཟུང་བོད་རང་སྐྱོང་ལྗོངས་ཚོང་འགུགས་མ་འདྲེན་ཅུས་ཀྱིས་ལྗོངས་ཡོངས་ཀྱི་ཚོང་འགུགས་མ་འདྲེན་ལས་དོན་གྱི་འགན་འཁྲི་ཏན་ཏིག་འཁུར་བ་དང་སྣེ་ཁྲིད་དེ་སྤྱི་ཡོངས་ལ་དམ་འཛིན་དང་ཕྱོགས་ཁག་མཐུན་སྦྱོར་བྱས་ནས་ལྗོངས་ཡོངས་ཀྱི་ཚོང་འགུགས་མ་འདྲེན་ལས་དོན་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་སྐུལ་འདེད་བཏང་ཡོད། འདི་ལོའི་ཟླ་དང་པོ་ནས་བཞི་པའི་བར་ལྗོངས་ཡོངས་སུ་ཚོང་འགུགས་མ་འདྲེན་རྣམ་གྲངས་ཁག་587(དེའི་ནང་མཐུད་སྐྲུན་རྣམ་གྲངས་455དང་གསར་སྐྲུན་རྣམ་གྲངས་132ཚུད་པ)ལག་བསྟར་བྱས་པ་དང་། མ་དངུལ་སྒོར་དུང་ཕྱུར་2821.04གཏོང་རྒྱུའི་གྲོས་མཐུན་བཞག་པ། མ་དངུལ་སྒོར་དུང་ཕྱུར་146.30དམིགས་སར་འབྱོར་ནས་ལོ་འཁོར་གྱི་དམིགས་ཚད་ལས་འགན་གྱི་29.26%ལེགས་སྒྲུབ་ཟིན་པ་དེ་དུས་མཚུངས་ལས་84.59%འཕར་བ་དང་། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་70.31བཏང་ཡོད།
ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་ཀའི་བླང་བྱ་གཞིར་བཟུང་། རང་སྐྱོང་ལྗོངས་ཚོང་འགུགས་མ་འདྲེན་ཅུས་ཀྱིས་སྔ་རྗེས་སུ་ལྗོངས་ཡོངས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་ཚོང་འགུགས་མ་འདྲེན་ལས་དོན་ཚོགས་འདུ་དང་རང་སྐྱོང་ལྗོངས་ཚོང་འགུགས་མ་འདྲེན(མ་འཇོག་སྐུལ་སྤེལ)ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་དང་པོ་སྐོང་ཚོགས་བྱས་ནས། ལྗོངས་ཡོངས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་ཚོང་འགུགས་མ་འདྲེན་ལས་དོན་བཀོད་སྒྲིག་བྱས་ཏེ་ལས་ཀའི་འགན་འཁྲི་དང་ལས་འགན་མུ་མཐུད་དོན་འཁྱོལ་ཏན་ཏིག་དང་ཞིབ་ཚགས་བྱས་ཡོད།
གཞན་ཡང་། འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་བྱས་ནས་བོད་ལྗོངས་འགྲེམས་ཚོགས་སྐབས་ལྔ་པའི་གྲ་སྒྲིག་ལས་དོན་ཡག་པོ་སྒྲུབ་རོགས་བྱེད་པ་དང་། མི་སྣ་སྐོང་འཐེན་བྱས་ནས་ལས་སྒྲུབ་ཆེད་དོན་ཚོགས་ཆུང་འཛུགས་པ། “ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་ཚོགས་འདུ་དང་རྣམ་གྲངས་གཅིག་སྡུད་གན་འཇོག་མཛད་སྒོ”དང“ཁེ་ལས་མཁས་ཅན་གྱི་འཐུས་མིས་ལྟ་སྐོར་དང་རྟོག་ཞིབ”བཅས་ཀྱི་གྲ་སྒྲིག་ལས་དོན་ལ་བརྟན་པོ་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་བཅས་བྱས་པས། གན་འཇོག་རྣམ་གྲངས་57དང་མ་དངུལ་སྒོར་དུང་ཕྱུར་418ཟིན་རྒྱུ་ཡིན་པ་མཐིལ་རྟོགས་ཐུབ་ཡོད།