བོད་རང་སྐྱོང་ལྗོངས་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱིས་བརྗོད་དོན་གཙོ་བོའི་སློབ་གསོ་ཏན་ཏིག་སྤེལ་བ།
སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་འདེད་ཀྱིས་སྒྲིག་བཤེར་ལྟ་ཞིབ་ཀྱི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་སྤེལ་བཏང་བ།
བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། རང་སྐྱོང་ལྗོངས་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱིས་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་བ་དང་། ལྗོངས་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ཞིབ་ཚགས་དང་གོ་བ་གཏིང་ཟབ་ལེན་རྒྱུར་སྐུལ་འདེད་བཏང་བས། ལྗོངས་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ཀྱི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།
འགོ་ཁྲིད་གཙོ་བོས་སྣེ་ཁྲིད་དེ་སློབ་སྦྱོང་ལ་སྐུལ་འདེད་བཏང་བ།
བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། རང་སྐྱོང་ལྗོངས་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱིས་ཐིང་དང་། རྫོང་། ཁྲུའུ་བཅས་རིམ་པའི་ལས་བྱེད་པའི་དཔེ་ཀློག་འཛིན་གྲྭ་སྔ་རྗེས་སུ་གཉེར་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱ་རྒྱུ་དེ“སློབ་ཚན་ཨང་དང་པོར”བརྩིས་པ་དང་། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པས་གཅིག་སྡུད་རང་སྦྱོང་དང་། ཆེད་དོན་ཟུར་ཁྲིད། གཅིག་སྡུད་བགྲོ་གླེང་སོགས་ཀྱི་བྱ་ཐབས་སྤྱད་དེ་བརྗོད་དོན་གཙོ་བོའི་སློབ་གསོ་དང་ལྟེ་བའི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་ཟུང་འབྲེལ་བྱས་ཏེ་ལག་ལེན་ནང་སློབ་སྦྱོང་གི་གྲུབ་འབྲས་ལ་ཞིབ་བཤེར་བྱས་ཡོད།
རང་སྐྱོང་ལྗོངས་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱི་འགོ་ཁྲིད་གཙོ་བོས་སྔོན་ལ་སྲིད་གཙང་གི་ཏང་གི་སློབ་ཚན་ཁྲིད་པ་དང་སྲིད་གཙང་གི་སྙན་སྒྲོན་གནང་བ་དང་། ཁག་བགོས་དོ་དམ་བྱེད་མཁན་ཧྲུའུ་ཅི་གཞོན་པས་ཁག་བགོས་དོ་དམ་བྱ་ཡུལ་སྡེ་ཚན་གྱི་ཏང་ཡོན་ལས་བྱེད་པར་ཏང་གི་སློབ་ཚན་རེས་མོས་ངང་ཁྲིད་པ། རྒྱུན་ཨུ་དང་སྡེ་ཚན་ཁག་གི་འགན་འཁུར་བས་རེས་མོས་ངང་ཏང་གི་སློབ་ཚན་ཁྲིད་པ་མ་ཟད། ལས་ཁུངས་ཀྱི་ཏང་ཀྲི་པུའུ་ཁག་གི་ཏང་ཡོན་ལས་བྱེད་པས་གཅིག་སྡུད་སློབ་སྦྱོང་དང་མི་སྒེར་གྱི་རང་སྦྱོང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཇི་མ་ཇི་བཞིན་སློབ་སྦྱོང་དང་། དོན་དངོས་དང་ཟུང་འབྲེལ་བྱས་ནས་སྦྱོང་བ། རྒྱུན་མཐུད་ངང་སློབ་སྦྱོང་གཏིང་ཟབ་བྱེད་པ་བཅས་བྱས་ཡོད།
ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་པ།
བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བའི་འགག་རྩ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་དེའི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས། འཇིག་རྟེན་ལྟ་བ། བརྟག་ཐབས་སྨྲ་བ་བཅས་བརྒྱུད་རིམ་ལྡན་པའི་ངང་ཁོང་དུ་གཏིང་ཟབ་ཆུད་པ་དང་གོ་བ་གཏིང་ཟབ་བླངས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་གལ་ཆེན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་ཁྲོད་སྤྱོད་པར་ཐུག་ཡོད།
ལྗོངས་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས། མི་དམངས་མང་ཚོགས་ཀྱིས་གང་ཞིག་ལ་ངོ་རྒོལ་དང་། གང་ཞིག་ལ་འཁོན་འཛིན་བྱེད་པ་དེ་ལ་དོགས་ཟོན་དང་ཡོ་བསྲང་མཐའ་གཅིག་ཏུ་བྱས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་གཙོ་གནད་ལས་དོན་གྱི་བཀོད་སྒྲིག་ལ་དམིགས་ཏེ། 《གྲོང་གསེབ་དར་རྒྱས་གཏོང་བའི་ཁྱབ་ཁོངས་ཀྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་ལ་ཆེད་དོན་བཅོས་སྒྲིག་བྱ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》དང《2023ལོའི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་གཏོང་རྒྱུ་དང་འབྲེལ་མཐུད་ནུས་ལྡན་བྱེད་པའི་ཆེད་དོན་ལྟ་སྐུལ་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》ཞིབ་འཇུག་བྱས་ནས་བཟོས་ཏེ་གྲོང་གསེབ་དར་རྒྱས་ཁྱབ་ཁོངས་ཀྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་ལ་ཆེད་དོན་བཅོས་སྒྲིག་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་སྐུལ་འདེད་གཏིང་ཟབ་བཏང་ཡོད། ཆེད་དོན་བཅོས་སྒྲིག་བྱས་པ་ནས་བཟུང་། རིམ་རྩིས་བྱས་ན། ལྗོངས་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་འབྲེལ་ཡོད་གནད་དོན་460ཞིབ་བཤེར་ཐག་གཅོད་བྱས་པ་དང་། མི་952ལ་སྐྱོན་བརྗོད་སློབ་གསོ་དང་། རོགས་རམ། ཐག་གཅོད་བྱས་པ། མི་421ལ་ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་གྱི་ཆད་པ་བཅད་ཡོད།
མངོན་ཞིབ་དང་ལྐོག་འདྲི་ཟུང་འབྲེལ་བྱས་པ།
རང་སྐྱོང་ལྗོངས་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱིས་ཐོག་མཐའ་བར་གསུམ་དུ་སློབ་སྦྱོང་དང་ལས་ཀ་ཟུང་འབྲེལ་དང་ཞིབ་བཤེར་དང་དག་ཐེར་མཐའ་འཁྱོངས་བྱས་ནས་སློབ་སྦྱོང་སློབ་གསོ་དང་། བརྟག་དཔྱད་ཞིབ་འཇུག གནད་དོན་འཚོལ་ཞིབ། དག་ཐེར་དོན་འཁྱོལ་བཅས་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ཏེ། 《བོད་རང་སྐྱོང་ལྗོངས་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱི་ཚན་ཁག་གི་ཁོངས་མིས་བརྟག་དཔྱད་ཞིབ་འཇུག་གི་ལས་དོན་གཏིང་ཟབ་སྤེལ་རྒྱུའི་ཇུས་གཞི》ཞིབ་འཇུག་བྱས་ནས་བཟོས་པ་དང་། ཆབ་སྲིད་ཀྱི་ལྟ་སྐུལ་དང་། རྫོང་རིམ་པའི་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱི་ནང་བཙུགས་སྒྲིག་གཞི་སྒྱུར་བཅོས། ཞིབ་བཤེར་དང་བརྟག་དཔྱད་ཀྱི་བདེ་འཇགས། འགྲིམ་འགྲུལ་སྐྱེལ་འདྲེན་ཁོངས་གཏོགས་ཀྱི་རྡིབ་ཉིལ་ལྟ་བུའི་རུལ་སུངས་གྱོད་གཞི་སོགས་ཕྱོགས་12ཐད་བརྟག་དཔྱད་ཞིབ་འཇུག་བྱ་གཞི་གཅིག་གྱུར་བཀོད་སྒྲིག་བྱས་ཤིང་། འགོ་ཁྲིད་གཙོ་བོས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། “མི་བྱེད་པ་བཞི་དང་ཐད་སྐྱོད་གཉིས་”ཀྱི་བྱེད་སྟངས་ཐོག་ནས་གཞི་རིམ་དང་། འཐབ་ས་དང་པོ། མང་ཚོགས་ཁྲོད་བཅས་ལ་བསྐྱོད་དེ་བརྟག་དཔྱད་ཞིབ་འཇུག་བྱས་ཏེ། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་དོན་ཁྲོད་འཕྲད་པའི་འགག་གནད་དང་། གཅོང་གནད། དཀའ་གནད་བཅས་ཀྱི་གནད་དོན་ཤེས་རྟོགས་དང་ཐག་གཅོད་ཡོང་བར་ཤུགས་སྣོན་བརྒྱབ་ཡོད།
ཉིན་ཤས་བསྟུད་མར། རང་སྐྱོང་ལྗོངས་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚན་ཁག་གི་ཁོངས་མིས་དངོས་ཐོག་བདེན་འཚོལ་གྱི་རྩ་དོན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ། ས་གནས(གྲོང་ཁྱེར)ཁག་དང་འབྲེལ་ཡོད་རྫོང(ཆུས)ལ་ཆེད་དོན་བརྟག་ཞིབ་བྱེད་པར་བསྐྱོད་ཅིང་། བརྟག་ཞིབ་གཏིང་ཟབ་བྱེད་རིང་། རིགས་པའི་གཞུང་ལུགས་སློབ་སྦྱོང་དང་ཆོས་ཉིད་ལ་ངོས་འཛིན་གཏིང་ཟབ་བྱས་ནས་འགན་འཁྲི་སྒྲུབ་ནུས་དང་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་སྟེ། རྣམ་པ་གསར་པ་དང་བྱས་རྗེས་གསར་པ་འཇོག་པར་བརྟེན་ནས་ལྗོངས་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་བཏང་བས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་འགན་ལེན་བརྟན་པོ་བྱུང་ཡོད།