ཕྱི་འབྲེལ་པུའི་མགྲིན་ཚབ་པས།
ཕ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་ཀྲུང་གོར་འཚམས་འདྲི་བྱ་རྒྱུའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ།
ཉིན་ཤས་གོང་། ཕྱི་འབྲེལ་པུའི་མགྲིན་ཚབ་པ་དབང་ཝུན་པིན་གྱིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་ཕ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་ཀྲུང་གོར་འཚམས་འདྲི་བྱ་རྒྱུའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་ཤིང་། ཁོང་གིས་ཙུང་ཐུང་ཨ་པཱ་སི་ནི་ཀྲུང་གོ་མི་དམངས་ཀྱི་གྲོགས་པོ་རྙིང་པ་དང་། གྲོགས་པོ་བློས་ཐུབ་ཞིག་ཡིན་ལ། འདི་ལོ་ཀྲུང་གོ་ཕྱོགས་ཀྱིས་སྣེ་ལེན་ཞུས་པའི་ཨ་རབ་རྒྱལ་ཁབ་ཀྱི་གཙོ་བདག་ཐོག་མ་དེའང་ཡིན་པ་དེ་ཐོག་ནས་ཀྲུང་གོ་དང་ཕ་ལེ་སི་ཐན་གྱི་མཛའ་གྲོགས་འབྲེལ་བ་ཧ་ཅང་ཡག་པོ་ཡོད་པ་གང་ལེགས་མངོན་ཡོད་ཅེས་བརྗོད།
རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གདན་ཞུས་ལྟར་ཕ་ལེ་སི་ཐན་རྒྱལ་ཁབ་ཀྱི་ཙུང་ཐུང་མཱ་ཧ་མའོ་ཏེ·ཨ་པཱ་སིས་ཟླ་6ཚེས་13ཉིན་ནས་ཚེས་16ཉིན་བར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་རེད།
དབང་ཝུན་པིན་གྱིས་ཀྲུང་ཕའི་དབར་གྱི་སྲོལ་རྒྱུན་མཛའ་གྲོགས་འབྲེལ་བ་ཡག་པོ་ཡོད། ཀྲུང་གོ་ནི་ཕ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་དང་ཕ་ལེ་སི་ཐན་རྒྱལ་ཁབ་ཁས་ལེན་བྱེད་མཁན་སྔ་ཤོས་ཀྱི་རྒྱལ་ཁབ་གྲས་ཤིག་ཡིན། ཉེ་བའི་ལོ་ཤས་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཨ་པཱ་སི་སྐུ་ངོ་མའི་ཐུགས་ཁུར་འོག་ཀྲུང་ཕའི་འབྲེལ་བའི་འཕེལ་རྒྱས་ཀྱི་དུས་བབ་བཟང་པོ་རྒྱུན་འཁྱོངས་ཐུབ་ནས་རྒྱལ་ཁབ་གཉིས་པོའི་ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་དེ་བས་བརྟན་དུ་ཕྱིན་པ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་མཛའ་གྲོགས་མུ་མཐུད་ཟབ་ཏུ་ཕྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕ་ལེ་སི་ཐན་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཐུན་མོང་ངོས་འཛིན་ལྟར་ཀྲུང་ཕའི་སྲོལ་རྒྱུན་མཛའ་གྲོགས་འབྲེལ་བ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བརྗོད།
“ཕ་ལེ་སི་ཐན་གྱི་གནད་དོན་ནི་འཛམ་གླིང་དབུས་ཤར་གྱི་གནད་དོན་གྱི་ལྟེ་བ་ཡིན་པས་འཛམ་གླིང་དབུས་ཤར་གྱི་ཞི་བདེ་བརྟན་ལྷིང་དང་རྒྱལ་སྤྱིའི་གཞུང་དྲང་དྲང་བདེན་དང་འབྲེལ་བ་ཡོད” དབང་ཝུན་པིན་གྱིས་ཀྲུང་གོ་ཕྱོགས་ཀྱིས་ཕ་ལེ་སི་ཐན་མི་དམངས་ཀྱིས་མི་རིགས་ཀྱི་ཁྲིམས་མཐུན་དབང་ཆ་སླར་གསོ་བྱེད་པའི་དྲང་བདེན་བྱ་གཞག་ལ་ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཀྱི་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་10བསྟུད་མར་མཉམ་འབྲེལ་རྒྱལ་ཚོགས་ཀྱི“ཕ་ལེ་སི་ཐན་མི་དམངས་ལ་ངག་ཐོག་ནས་རྒྱབ་སྐྱོར་བྱེད་པའི་རྒྱལ་སྤྱིའི་ཉིན་མོའི”དྲན་གསོའི་ཚོགས་ཆེན་ལ་རྟེན་འབྲེལ་གློག་འཕྲིན་བཏང་བ་དང་ཕ་ལེ་སི་ཐན་གྱི་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་བའི་ཐད་ཀྲུང་གོ་ཕྱོགས་ཀྱི་གྲོས་འགོ་དང་འདོད་ཚུལ་ཐེངས་མང་བཏོན་གནང་བ་དང་འབྲེལ“རྒྱལ་ཁབ་གཉིས་ཀྱི་ཇུས་གཞི”རྨང་གཞིར་བྱས་པའི་ཆབ་སྲིད་ཐོག་ནས་ཐག་གཅོད་བྱ་རྒྱུར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་བཏང་སྟེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཞི་བདེར་སྐུལ་འདེད་གཏོང་བའི་འབད་བརྩོན་ལ་ཤུགས་སྣོན་རྒྱག་དགོས་པའི་ནན་བཤད་ཀྱང་གནང་ཡོད་ཅེས་བརྗོད།
“མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་བྱེད་མཁན་རྒྱལ་ཁབ་ཡིན་པའི་ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་ཕ་ལེ་སི་ཐན་གྱི་གནད་དོན་ཕྱོགས་ཡོངས་དང་། གཞུང་དྲང་། རྒྱུན་སྲིང་བཅས་ཀྱི་སྒོ་ནས་སྔ་ཙམ་ཐག་གཅོད་ཡོང་བར་སྐུལ་འདེད་གཏོང་ཆེད་འབད་བརྩོན་ལྷོད་མེད་བྱ་རྒྱུ་ཡིན”ཞེས་དབང་ཝུན་པིན་གྱིས་བརྗོད་པ་རེད།