དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཧྥིན་ལན་ཚོང་ཚོགས་ཀྱི་སྙན་ཞུའི་ནང་འཁོད་དོན།

    ཀྲུང་གོའི་དཔལ་འབྱོར་འཕར་བས་ཧྥིན་ལན་གྱི་ཁེ་ལས་ལ་གོ་སྐབས་གསར་པ་བསྐྲུན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-06-13

    ཚེས་9ཉིན། ཧྥིན་ལན་ཀྲུང་དབྱང་ཚོང་ཚོགས་ཀྱིས་ཞིབ་འཇུག་སྙན་ཞུ་གསར་ཤོས་ཁྱབ་བསྒྲགས་བྱས་པའི་ནང་། ཀྲུང་གོའི་དཔལ་འབྱོར་སླར་ཡང་འཕར་ཤུགས་ཆེན་པོ་བྱུང་ནས་ཧྥིན་ལན་གྱི་ཁེ་ལས་ལ་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་བསྐྲུན་ཡོད་ཅེས་འཁོད་ཡོད་པ་རེད།

    སྙན་ཞུའི་ནང་། ཧྥིན་ལན་གྱི་ཁེ་ལས་མང་ཆེ་བ་ཀྲུང་གོར་འཕེལ་རྒྱས་ཧ་ཅང་ཡག་པོ་བྱུང་ནས་ཀྲུང་གོའི་དཔལ་འབྱོར་འཕར་བར་རྣམ་འགྱུར་ཡག་པོ་འཛིན་གྱི་ཡོད་ཅེས་འཁོད་ཡོད། སྙན་ཞུའི་ནང་ཧྥིན་ལན་གྱི་རྒྱལ་ཁབ་ཚོང་དོན་སྐུལ་སྤེལ་ཅུས་ཀྱི་ཚོང་ལས་གདེང་ཚོད་ཀྱི་བརྟག་དཔྱད་ཅིག་དྲངས་ནས་བཅར་འདྲི་དང་ལེན་བྱེད་མཁན་ཁེ་ལས་80%ཙམ་གྱིས་སྔོན་དཔག་བྱས་ན་འདི་ལོ་ཀྲུང་གོར་ཚོང་གཉེར་ཡོང་འབབ་དང་། ཁེ་སྤོགས་ནུས་པ། མ་དངུལ་གཏོང་བ་བཅས་སྔར་བས་མང་དུ་འགྲོ་རྒྱུ་རེད་ཅེས་བརྗོད་པ་རེད།

    ཧྥིན་ལན་གྱི་རྒྱལ་ཁབ་ཚོང་དོན་སྐུལ་སྤེལ་ཅུས་ཀྲུང་གོ་ཁུལ་གྱི་གཙོ་གཉེར་མར་ཁེ·ཏི་ཡེ་སི་མའེ་ཅིས་སྙན་ཞུའི་ནང་། ཀྲུང་གོའི་དཔལ་འབྱོར་ཏོག་གསར་རིམས་ནད་ཀྱི་རྡབ་རྡེག་བརྒྱུད་རྗེས་ཤུགས་ཆེར་འཕར་བ་དང་། འདི་ལོའི་དུས་ཚིགས་དང་པོའི་གྲངས་གཞི་དབྱེ་ཞིབ་པ་མང་པོ་ཞིག་གི་སྔོན་དཔག་ལས་བརྒལ་ནས་ཀྲུང་གོའི་དཔལ་འབྱོར་འཕར་བའི་དམིགས་ཚད་སྔོན་དཔག་ཡོངས་ཁྱབ་ངང་མཐོ་རུ་ཕྱིན་ཡོད་ཅེས་བརྗོད་པ་རེད། ཏི་ཡེ་སི་མའེ་ཅིས་ཀྲུང་གོའི་དཔལ་འབྱོར་འབྱུང་འགྱུར་ལོ་ཁ་ཤས་ནང་མགྱོགས་མྱུར་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་རེ་ཡོད། རྒྱུ་ཆ་གསར་པ་སྤྱོད་པ་དང་། བཟོ་སྐྲུན་རྒྱུན་མཐུད་ཆོག་པ་དང་གྲངས་གཞི་ཅན་བཟོ་ལས་ཁྲོད་སྤྱོད་པ་སོགས་ནི་དེང་སྐབས་ཀྲུང་གོའི་དཔལ་འབྱོར་ཁྱབ་ཁོངས་ཀྱི་གླེང་མང་བའི་བརྗོད་གཞི་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།

    ཚོང་ཚོགས་ཀྱི་རིགས་གཅིག་མཁས་ཅན་ལའེ་ཉི་ཐ·ཐུའོ་དབྱི་ཝ་ཁ་ཡིས་སྙན་ཞུའི་ནང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་རྒྱུ་དེ་ཀྲུང་གོ་དང་མཉམ་ལས་བྱ་རྒྱུ་ཁ་འབྲལ་ཐབས་མེད། ཧྥིན་ལན་གྱི་ཁེ་ལས་ཀྱིས་ཐཱན་ཉུང་ཐག་གཅོད་ཇུས་གཞི་དང་། ཕྱིར་འབུད་མེད་པའི་སྐྱེལ་འདྲེན། འཁོར་སྐྱོད་དཔལ་འབྱོར་སོགས་མཁོ་འདོན་བྱེད་པའི་ཁྱབ་ཁོངས་ཚང་མར་ཚོང་ལས་ཀྱི་གོ་སྐབས་འཕྲད་ཡོད་ཅེས་བརྗོད་པ་རེད།

    《ཀྲུང་གོ་ལྟ་ཞིབ》ཅེས་པའི་སྙན་ཞུ་དེ་ནི་ཧྥིན་ལན་ཕྱི་འབྲེལ་པུའུ་དང་། དཔལ་འབྱོར་ལས་དོན་དང་ལས་ཞུགས་པུའུ། ཧྥིན་ལན་དངུལ་ཁང་། ཧྥིན་ལན་རྒྱལ་ཁབ་ཚོང་དོན་སྐུལ་སྤེལ་ཅུས། ཧྥིན་ལན་རྒྱལ་སྤྱིའི་གནད་དོན་ཞིབ་འཇུག་ཁང་བཅས་ཀྱི་རིགས་གཅིག་མཁས་ཅན་མང་པོ་ཞིག་གིས་ཐུན་མོང་ཐོག་བྲིས་ནས་གྲུབ་པ་ཞིག་རེད། 

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།