དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • སྤེལ་རེས་དང་མཉམ་ལས་གཏིང་ཟབ་བྱས་པས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་ཆེན་པོ་ཐོབ་པ།

    ཧོང་ཏུ་ར་སིར་བསྐྱོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཕེང་མིང་། ཞེ་ཅ་ཉིང་།   |     སྤེལ་དུས།  2023-06-12

    འདི་ནི་ཧོང་ཏུ་ར་སིའི་ཕ་ཐུ་ཁའི་དུས་ཐེངས་གསུམ་པའི་ཆུ་ཤུགས་གློག་ཁང་ཡིན་པ།

    ཟླ་3ཚེས་26ཉིན་ཀྲུང་གོ་དང་ཧོང་ཏུ་ར་སིས《ཕྱི་འབྲེལ་བཙུགས་པའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཧོང་ཏུ་ར་སི་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་སྤྱི་བསྒྲགས》ལ་མིང་རྟགས་བཀོད་པ་དང་། སྤྱི་བསྒྲགས་ལ་མིང་རྟགས་བཀོད་པའི་ཉིན་ནས་བཟུང་ཕན་ཚུན་ཁས་ལེན་དང་འབྲེལ་གཞུང་ཚབ་ཆེ་མོ་རིམ་པའི་ཕྱི་འབྲེལ་བཙུགས་པའི་གཏན་འབེབས་བྱས། རྒྱལ་ཁབ་གཉིས་པོའི་དབར་འབྲེལ་ཟམ་གསར་རྐྱང་ཞིག་བཙུགས་པས་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་ཡོད། ཉེ་ཆར་འདི་ག་ཚགས་པར་གྱི་གསར་འགོད་པ་ཧོང་ཏུ་ར་སིར་བསྐྱོད་དེ་ས་གནས་དེ་གའི་ཡུལ་གོམས་གཤིས་ལུགས་ལ་ཉམས་ལེན་དང་སྦྲགས་ལས་རིགས་ཁག་གི་མི་སྣས་རྒྱལ་ཁབ་གཉིས་པོའི་སྤེལ་རེས་མཉམ་ལས་ལ་རེ་སྒུག་དང་མ་འོངས་ལ་སྔོན་དཔག་ཇི་ལྟར་བྱེད་ཀྱི་ཡོད་མེད་ལ་ཉམས་ཞིབ་བྱས་པ་ཡིན།

    ཧོང་ཏུ་ར་སི་ནི་མེ་གླིང་དབུས་མའི་བྱང་རྒྱུད་དུ་གནས་ཤིང་། བྱང་ཕྱོགས་ཅ་ལེ་པི་རྒྱ་མཚོར་སྦྲེལ་བ་དང་ལྷོ་ཕྱོགས་ཞི་བདེ་རྒྱ་མཚོའི་ཕུང་སའེ་ཁ་མཚོ་ཁུག་དང་ཐག་ཉེ་པོ་ཡོད་པ་མ་ཟད། ནི་ཁ་ར་ཀྭ་དང་སར་ཝ་ཏོལ་སོགས་རྒྱལ་ཁབ་དང་ཡང་ས་སྦྲེལ་ཡིན་པ་དང་རྒྱུན་སྡོད་མི་འབོར་ཁྲི་1000ཙམ་ཟིན་གྱི་ཡོད།

    ཧོང་ཏུ་ར་སིའི་རྒྱལ་ས་ཐེ་ཀུ་ཞི་ཀར་ཕའི་ཁྲོམ་གཞུང་དུ་སྐྱོད་སྐབས་གསར་འགོད་པར་རྒྱ་སྐད་ནས་ཁ་བརྡ་བྱེད་མཁན་གྱི་ཡུལ་དེ་གའི་མི་ཡང་སེ་ཕྲད་བྱུང་། ཁོ་ཚོའི་འཛུམ་མདངས་དང་སེམས་བཟང་ལས་སྙིང་ཉེ་བའི་ཚོར་བ་ཞིག་བྱིན་འོང་། བདལ་གཏོང་རླངས་འཁོར་ལ་བསྡད་རྗེས་ཁ་ལོ་བ་ཕེར་ནན་ཏོ·སའེ་པུའུ་ན་ནའོ་ཡིས་གསར་འགོད་པ་ཀྲུང་གོ་ནས་ཡིན་པ་ཤེས་རྗེས་རང་འགུལ་ངང་གསར་འགོད་པར“ཁྱེད་ཚོ་ཧོང་ཏུ་ར་སིར་ཕེབས་པར་དགའ་བསུ་ཞུ། ང་ཚོའི་རྒྱལ་ཁབ་དང་ཀྲུང་གོའི་དབར་ཕྱི་འབྲེལ་བཙུགས་པ་ཚང་མས་ཤེས་ཀྱི་ཡོད་ལ། དེར་ཧ་ཅང་དགའ་པོ་བྱུང་འདུག” “ཉེ་ཆར་ང་དང་ནང་མི་དེ་བཞིན་གྲོགས་པོ་བཅས་ཀྱིས་རྟག་ཏུ་ཧོང་ཀྲུང་ཕྱི་འབྲེལ་བཙུགས་པའི་སྐོར་ཤོད་ཀྱི་ཡོད། ཚང་མས་དེ་ཡིས་ཧོང་ཏུ་ར་སིའི་མི་དམངས་བདེ་སྐྱིད་དེ་བས་ལྡན་སྲིད་པའི་ངོས་འཛིན་བྱེད་ཀྱི་འདུག”ཅེས་ཁ་བརྡ་གློད།

    2020ལོའི་ཟླ་12པར་ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིས་ཇུས་གཞི་བཀོད་ནས་བསྐྲུན་པའི་ཕ་ཐུ་ཁ་དུས་ཐེངས་གསུམ་པའི་ཆུ་ཤུགས་གློག་ཁང་གི་གློག་དྲ་སྦྲེལ་མཐུད་ཐུབ་པ་དང་འབྲེལ་གློག་གཏོང་འགོ་ཚུགས་ཡོད། ཆུ་ཤུགས་གློག་ཁང་སྤྱོད་འགོ་ཚུགས་རྗེས་ལོ་རེར་ཆ་སྙོམས་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་3.36ཟིན་ནས་ཧོང་ཏུ་ར་སིའི་རྒྱལ་ཡོངས་ཀྱི་གློག་གི་དགོས་མཁོ་6%ཙམ་སྐོང་ཐུབ་སྟེ་ཐེ་ཀུ་ཞི་ཀར་ཕ་ཚུད་པའི་ཉེ་འཁོར་ས་ཁུལ་ལ་གློག་བརྟན་པོ་གཏོང་ཐུབ་པས། ས་གནས་དེ་གའི་གྲོང་མིའི་ཐོན་སྐྱེད་དང་འཚོ་བར་སྟབས་བདེ་ཆེན་པོ་བསྐྲུན་ཡོད་པ་རེད།

    ཐེ་ཀུ་ཞི་ཀར་ཕའི་གྲོང་མི་ཨོར་ཐེ་·ཕེ་ལུའེ་སིས་སྔོན་ཆད་རྒྱལ་སའི་ཉེ་འཁོར་དུ་ཆུ་ཤུགས་གློག་ཁང་གཅིག་རང་ལས་མེད། གློག་དཀོན་པའི་སྐབས་ཁྲོམ་གཞུང་ཁག་ཏུ་རེས་མོས་བྱས་ནས་གློག་འགོག་གི་ཡོད་པ་དང་མཚམས་རེ་གློག་ཆུ་ཚོད་8ཙམ་འགོག་གི་ཡོད། ཕ་ཐུ་ཁའི་དུས་ཐེངས་གསུམ་པའི་ཆུ་ཤུགས་གློག་ཁང་ནས་གློག་བཏང་རྗེས་གློག་དཀོན་པའི་སྣང་ཚུལ་ཞི་ལྷོད་དུ་ཤུགས་ཆེན་ཕྱིན་ཡོད། “ད་ཆ་ང་ཚོས་གློག་ཆད་པར་སེམས་ཁྲལ་བྱེད་དགོས་མེད”ཅེས་སྔར་སོང་གནས་ཚུལ་ལ་དྲན་གསོ་བྱེད་བཞིན་དུ་བཤད།

    ཆུ་ཤུགས་གློག་ཁང་རྣམ་གྲངས་སྐྲུན་རིང་རྣམ་གྲངས་ཀྱིས་ས་གནས་དེ་གའི་ལས་མི་2000ལྷག་ཙམ་བསྡུས་ནས་ཁོང་ཚོར་ཆ་ལག་ཚང་བའི་གསོ་སྦྱོང་བྱས། རྣམ་གྲངས་སྤྱོད་འགོ་ཚུགས་རྗེས་ས་གནས་དེ་གའི་ལས་མི་100ཙམ་ཆུ་ཤུགས་གློག་ཁང་དུ་ལས་ཀར་བསྡུས་ནས་རྣམ་གྲངས་ཀྱི་རྒྱུན་གཏན་འཁོར་སྐྱོད་དང་སྲུང་སྐྱོང་གི་འགན་འཁུར་དུ་བཅུག་ཡོད། ཕ་ཐུ་ཁའི་དུས་ཐེངས་གསུམ་པའི་ཆུ་ཤུགས་གློག་ཁང་གི་གཉེར་སྐྱོང་སྤྱི་ཁྱབ་ཅིང་ལི་ནེར་སུང·ཨོར་ཐེ་ཅ་ཡིས་ཆུ་ཤུགས་གློག་ཁང་གིས་ཧོང་ཏུ་ར་སིའི་ནུས་རྒྱུའི་བདེ་འཇགས་འགན་ལེན་ལ་དོན་སྙིང་གལ་ཆེན་ལྡན་ཡོད། “རྗེས་སུ་ཀྲུང་གོའི་ཁེ་ལས་ཀྱིས་ས་གནས་དེ་གའི་རྣམ་གྲངས་སྔར་ལས་མང་བའི་འཛུགས་སྐྲུན་ལ་ཞུགས་ནས་ཧོང་ཏུ་ར་སིའི་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་སྣོན་པའི་རེ་བ་ཡོད”ཅེས་བཤད།

    སྲོལ་རྒྱུན་གྱི་ཞིང་ལས་རྒྱལ་ཁབ་ཧོང་ཏུ་ར་སིས་ལོ་ལྟར་ཀོག་ཧྥེ་དང་། ངང་ལག ཤིང་ཏ་ལའི་སྣུམ། རྡོ་ཐ་སོགས་ཞིང་ལས་ཐོན་རྫས་འབོར་ཆེན་ཞིག་ཕྱིར་གཏོང་བྱེད་པ་ལས། ཀོག་ཧྥེ་ནི་རྒྱལ་ཁབ་དེའི་ཚོང་ལས་སྐྱེ་དངོས་གལ་ཆེ་ཤོས་ཀྱི་གྲས་ཤིག་རེད།

    ཟླ་5པར་ཏུང་ཏོར་ཀོག་ཧྥེ་གཞིས་ཀའི་ཀོག་ཧྥེ་ཡི་འབྲུ་གུ་རྣམས་བསྡུ་བའི་དུས་ལ་སླེབས་ཤིང་། གཞིས་ཀའི་བདག་པོ་ལུའུ་པེན·ལི་ཝེ་ལཱ་ཡིས་གཞིས་ཀ་གནས་སའི་མར་ཁཱ་ལཱ་ས་ཁུལ་ནི་ཧོང་ཏུ་ར་སིའི་ཀོག་ཧྥེ་ཡག་ཤོས་ཐོན་ཡུལ་ཞིག་རེད། ཀོག་ཧྥེ་འདེབས་སྐབས་སྐྱེ་ལྡན་འདེབས་འཛུགས་དང་། དམར་ལུད་རྒྱག་པ། ཚང་མ་མི་ཐབས་ལ་བརྟེན་ནས་འཐུ་བ་དང་དབྱེ་བ་འབྱེད་པ་བཅས་བྱས་ནས་ཀོག་ཧྥེ་ཡི་སྤུས་ཚད་འགན་ལེན་བྱེད་ཀྱི་ཡོད། “ཧོང་ཀྲུང་ཕྱི་འབྲེལ་བཙུགས་པ་དེས་ཧོང་ཏུ་ར་སིའི་ཀོག་ཧྥེ་ཀྲུང་གོའི་ཁྲོམ་རར་འདོན་པར་གོ་སྐབས་ཆེན་པོ་རག་ཡོད་པས། ཀྲུང་གོའི་འཛད་སྤྱོད་པས་ངས་བཏབ་པའི་ཀོག་ཧྥེ་འཐུང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད”ཅེས་ངོ་སྤྲོད་བྱས།

    ཧོང་ཏུ་ར་སིའི་ཀོག་ཧྥེ་ཞིབ་འཇུག་ཁང་གི་ཁྲོམ་རའི་ལྟ་འདོམས་པ་ཁཱ་ལཱ·མ་ལི་ཡཱ·ཁཱ་ལི་ཏོ་ཉི་ཨའོ་ཡིས་ཧོང་ཏུ་ར་སིའི་རྒྱལ་ཡོངས་སུ་ཁྱིམ་ཚང་ཁྲི་12ལྷག་ཙམ་གྱིས་ཀོག་ཧྥེ་འདེབས་ཀྱི་ཡོད་པ་དང་ལས་རིགས་དེས་ལས་གནས་ཁྲི་100ལྷག་ཙམ་མཁོ་འདོན་བྱས་ཡོད། ལོ་ལྟར་ཀོག་ཧྥེ་ཐོན་སྐྱེད་ཀྱིས་རྒྱལ་ཁབ་དེར་ཁེ་འབབ་ཨ་སྒོར་དུང་ཕྱུར་15ཡོང་གི་ཡོད་པ་དང་། དེས་ཞིང་ལས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་35%དང་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་5%ཟིན་གྱི་ཡོད་ཅེས་བཤད།

    ཚོང་གཉེར་བ་ལིས་ལིས་ཨན་ནཱ·སང་ཆེ་སི·དབྱི་ཀེ་ལའེ་ཞི་ཡཱ་སི་དེ་སྔ་ཀྲུང་གོར་ཐེངས་མང་སླེབས་མྱོང་ཡོད། ཁོང་གིས་ཉེ་བའི་ལོ་ཤས་རིང་ཀྲུང་གོའི་འཛད་སྤྱོད་པའི་ཁྲོད་དུ་ཀོག་ཧྥེ་ལ་དགའ་པོ་བྱེད་མཁན་ཉིན་རེ་བཞིན་མང་དུ་འགྲོ་གི་ཡོད་ཅེས་བཤད། ཀྲུང་གོའི་འགག་སྒོ་ལས་ཁུངས་ཀྱིས་བསྡོམས་རྩིས་བྱས་པར་གཞིགས་ན། 2022ལོར་ཀྲུང་ཧོང་གི་ཚོང་དོན་བསྡོམས་འབོར་ཨ་སྒོར་དུང་ཕྱུར་15.89ཟིན་ཡོད་པ་རེད།

    ཧོང་ཏུ་ར་སི་ནི་མཱ་ཡ་ཤེས་རིག་གི་འབྱུང་ཁུངས་ཀྱི་གྲས་ཤིག་ཡིན་ཞིང་། རྒྱལ་ཁབ་དེའི་ནུབ་བྱང་རྒྱུད་དུ་གནས་པའི་ཁོའོ་ཕན་མཱ་ཡ་གནའ་གྲོང་རྗེས་ཤུལ་གྱི་རྒྱ་ཁྱོན་ལ་སྤྱི་ཆིང་15ཟིན་པ་དང་དེ་ནི་མཱ་ཡའི་ཤེས་རིག་ལས་ཆེས་སྔ་མོའི་བརྗིད་ཉམས་ཆེ་ཤོས་ཀྱི་གནའ་གྲོང་གི་རྗེས་ཤུལ་གྱི་གྲས་ཤིག་ཡིན་པས། 1980ལོར་མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་ཤུལ་བཞག་གི་མིང་གཞུང་དུ་བཅུག་ཡོད།

    མཱ་ཡ་རྗེས་ཤུལ་ལ་ལྟ་སྐོར་དང་། ཡུལ་དེ་རང་གི་རིག་གནས་རྒྱུས་ལོན། ཚ་ཁུལ་གྱི་ནགས་ཚལ་ལ་སྤྲོ་གསེང་། རྒྱ་མཚོའི་གླིང་ཕྲན་གྱི་ཡུལ་ལྗོངས་ཉམས་ལེན་སོགས་བྱེད་རྒྱུ་ཡོད་པའི་ཧོང་ཏུ་ར་སིའི་ལོ་རྒྱུས་རིག་གནས་དང་སྐྱེ་ཁམས་ཡུལ་སྐོར་གྱིས་འཛམ་གླིང་ས་ཕྱོགས་ཁག་གི་ཡུལ་སྐོར་བའི་ཡིད་དབང་འཕྲོག་བཞིན་ཡོད། ཡུལ་སྐོར་ལས་རིགས་ལ་ཞུགས་ནས་ལོ་20ལྷག་ཙམ་སོང་བའི་ཨ་མན་ཏོ·ཝེ་ཏར་གྱིས་ཧོང་ཀྲུང་རྒྱལ་ཁབ་གཉིས་པོ་ཕྱི་འབྲེལ་བཙུགས་པ་དེས་ཀྲུང་གོའི་ཡུལ་སྐོར་བ་སྔར་ལས་མང་བ་ཧོང་ཏུ་ར་སིར་ཡུལ་སྐོར་ལ་འགྲོ་བའི་ཡིད་དབང་འཕྲོགས་ནས་ཡུལ་དེའི་ཡོང་འབབ་མང་དུ་འགྲོ་ངེས་རེད་ལ། ངས་ཀྱང་ཀྲུང་གོའི་ཡུལ་སྐོར་བར་བསུ་བ་ཞུ་བའི་གྲ་སྒྲིག་ཨང་གསར་བྱས་ཟིན་ཞེས་བཤད།

    འདི་ནི་ཐེ་ཀུ་ཞི་ཀར་ཕའི་ཁྲོམ་གཞུང་ཚོང་ཁང་ཞིག་གི་སྦྱིན་བདག་གིས་སྐུ་མགྲོན་འཛུམ་གྱིས་བསུ་བཞིན་པ།

    འདི་ནི་ལུའུ་པེན·ལི་ཝེ་ལཱ་ཡིས་གསར་འགོད་པར་ཉི་སྐམ་བཏང་བའི་ཀོག་ཧྥེ་ཡི་འབྲུ་གུ་སྟོན་བཞིན་པ།

    འདི་ནི་ཧོང་ཏུ་ར་སིའི་ཁོའོ་མ་ཡ་ཀོ་གྲོང་ཁྱེར་གྱི་ཁྲོམ་གཞུང་གི་རྣམ་པ་ཡིན་པ།

    འདི་ནི་ཧོང་ཏུ་ར་སི་ཁོའོ་ཕན་མཱ་ཡ་གནའ་གྲོང་གི་རྗེས་ཤུལ་ཡིན་པ།

    འདི་ནི་ཐེ་ཀུ་ཞི་ཀར་ཕའི་རྣམ་པ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།