དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “ཁོར་ཡུག་སྨན་པས”སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི“ཚད་འཇལ་ཐིག་ཤིང” གི་ནུས་པ་འདོན་སྤེལ་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-12

    འདི་ནི་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱི་ལས་བཟོས་སྐུ་ལྷ་དར་གདོང་འབྲི་ཆུའི་ཆུ་འགོའི་མ་དཔེར་དབྱེ་ཞིབ་བྱེད་བཞིན་པ།

    སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་འགག་རྩ་ནི་ཞིབ་ཕྲའི་ལས་དོན་ལ་སྐུལ་འདེད་གཏོང་བ་དང་ཞིབ་ཕྲའི་གནད་དོན་ཐག་གཅོད་བྱེད་པའི་ཐད་གཞི་ཚུགས་དགོས་པ་དེ་རེད། མཚོ་བོད་ས་མཐོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་ཁྲོད། མི་ཚོགས་འདི་འདྲ་ཞིག་ཡོད་པ་དེས་ལེ་དབར་ཁྲི་ཡི་སར་བསྐྱོད་པ་དང་ལོག་པའི་དུས་ཚོད་ལ་སྣང་འཇོག་མི་བྱེད་པར། ཉིན་ལྟར་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་འཐབ་ས་དང་པོར་བརྟན་སྲུང་བྱས་ནས་ཟོལ་མེད་ཀྱི་སྙིང་སྟོབས་མཚོན་པ་དང་། ཁོང་ཚོས་ལས་ལ་གཞོལ་ནས་དུས་ཚོད་ཀྱིས་མི་མི་སྒུག་པའི་འགན་འཁྲི་འཁུར་སེམས་བཅངས་ཏེ་རི་སྔོན་ཆུ་དྭངས་སྲུང་སྐྱོང་བྱེད་པའི་རྒྱུགས་ལན་ཡག་པོ་ཞིག་འབུལ་བཞིན་ཡོད།

    འགན་འཁྲི་འཁུར་ཕོད་པ་བྱས་ཏེ་སྐྱེ་ཁམས་ཀྱི་གནས་ཚུལ་མཐིལ་རྟོགས་བྱེད་པ།

    “‘ཁོར་ཡུག་སྨན་པ’ཞིག་ཡིན་པའི་ང་ཚོས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས་གངས་ལྗོངས་ས་མཐོའི་སྲོག་ཆཌ་དང་རྩྭ་རྩི་ཤིང་དང་།དེ་བཞིན་རི་ཆུ་ཁྲི་སྟོང་མང་པོར་སྲུང་སྐྱོང་ཡག་པོ་བྱས་ཏེ། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་བྱ་ཐབས་ནུས་ལྡན་ལ་བརྟེན་ནས་རང་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པར་རམ་འདེགས་བྱེད་ཀྱི་ཡིན” བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས(གཤམ་དུ་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་ལྟེ་གནས་ཞེས་བསྡུ་རྒྱུ)ཀྱི་ཀྲུའུ་རེན་ཅ་ཞའོ་ཧྭ་འཐབ་ས་དང་པོའི་ལྟ་ཞིབ་ཚད་ལེན་ས་ཚིགས་ནས་ལོག་མ་ཐག་དུས་མཚམས་རྗེས་མའི་ལས་དོན་ལ་ཞུགས།

    གངས་ལྗོངས་ས་མཐོའི་རི་ཆུ་ཁྲི་སྟོང་མང་པོར་བསྐྱོད་ནས་སྐྱེ་ཁམས་ཀྱི་གཞི་རྩའི་ལྟ་ཞིབ་ཚད་ལེན་གྲངས་གཞི་ཁྲི་10ལྷག་ཙམ་རག རང་ལྗོངས་ཀྱི་སྐྱེ་ཁམས་ཀྱི་གདིང་གཞི་རིམ་བཞིན་གསལ་རྟོགས་ཐུབ་པ་དང་། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་རྒྱ་ཆེའི་སྐྱེ་ཁམས་ཁོར་ཡུག་ལས་དོན་པས་ལས་ཀའི་སྤྱོད་ཚུལ་ཏན་ཏིག་ལ་བརྟེན་ནས་བོད་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པར་ཤུགས་སྣོན་རྒྱག་པ་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པར་སྟོབས་ཤུགས་ལེགས་སྐྱེས་འབུལ་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡོད།

    སྐྱེ་ཁམས་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པའི་ལས་དོན་ལ་དམིགས་ནས། ལོ་ལྟར་རིམ་རྩིས་བྱས་ན་ལྟ་ཞིབ་ཚད་ལེན་བྱེད་མཁན་མི་ཐེངས་450ལྷག་ཙམ་མངགས་གཏོང་བྱས་པ་དང་། ལམ་ཐག་སྤྱི་ལེ་ཁྲི་60ལྷག་ཙམ་བསྐྱོད་པ། ལྟ་ཞིབ་ཚད་ལེན་ས་ཚིགས་2000ལྷག་ཙམ་བཙུགས་པ། མ་དཔེ་ཁྲི་2ལྷག་ཙམ་འཚོལ་བསྡུ་བྱས་པ། ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་སྣ་ཚོགས་ཁྲི་10ལྷག་ཙམ་ཐོབ་པ་བཅས་ལྟ་ཞིབ་ཚད་ལེན་གྱི་ལས་དོན་གྱི་སྟོང་ཆ་མང་པོ་ཞིག་བསྐངས་པས། སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་བྱ་གཞག་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད་པ་རེད།

    སྐྱེ་ཁམས་ལྟ་ཞིབ་ཚད་ལེན་གྱི་གཞོགས་འདེགས་འོག་བོད་ཀྱི་ཁོར་ཡུག་སྤུས་ཚད་ཡག་པོ་རྒྱུན་མཐུད་ཐུབ་ཡོད་ཅིང་། ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་གཙོ་བོའི་ཁོར་ཡུག་གི་མཁའ་རླུང་སྤུས་ཚད་ལེགས་པའི་ཆ་སྙོམས་ཉིན་གྲངས་ཀྱི་བསྡུར་ཚད་99.8%ཡན་ཟིན་པ་དང་། གཙང་པོ་དང་། ཆུ་བོ། མཚོ་མཚེའུ་བཅས་གཙོ་བོའི་ཆུའི་སྤུས་ཚད་ཚང་མ་རིགས་གསུམ་པའི་ཚད་གཞི་ལོན་པའམ་ཡང་ན་དེ་ལས་མཐོ་བ་ཡོད་པ། ས་རྒྱུའི་ཁོར་ཡུག་བདེ་འཇགས་གནོད་མེད་ཡིན་པ། ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱལ་ཡོངས་ཀྱི་སྔོན་ཐོན་ཆུ་ཚད་རྒྱུན་འཁྱོངས་ཐུབ་པ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཀྱི་གྲུབ་འབྲས་དཔྱད་ཞིབ་ལོ་གཉིས་བསྟུད་མར་རྒྱལ་ཡོངས་ཀྱི་ཕུལ་བྱུང་ལ་བདམས་པ་བཅས་རེད།

    སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི“ཚད་འཇལ་ཐིག་ཤིང”ཞིག་ཡིན་པའི་ངོས་ནས་བརྗོད་ན། རང་ལྗོངས་ཀྱི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་མི་སྣས་ཐོག་མཐའ་བར་གསུམ་དུ་ལས་གནས་ཀྱི་འགན་འཁྲིར་གཞི་ཚུགས་ནས། ལས་སྒྲུབ་ལས་གཏོད་ཀྱི་སྙིང་སྟོབས་ལ་ལྷོད་གཡེང་རྩ་བ་ནས་མི་གཏོང་བ་དང་། སེམས་ནུས་དང་རྔུལ་ཆུ་འདོན་པ། ལེགས་སྐྱེས་འབུལ་བ་དང་དོན་གཉེར་བྱེད་པ། སྐྱེ་ཁམས་ཁོར་ཡུག་སྤུས་ཚད་ཀྱི་སྲོག་རྩ་ཡག་པོ་སྲུང་བ་བཅས་བྱས་ཏེ། སྐྱེ་ཁམས་ཤེས་དཔལ་ལ་འཛིན་པའི་མི་དམངས་མང་ཚོགས་ཀྱི“བདེ་སྐྱིད་ཀྱི་རེ་སྒུག”མཚོན་པར་བྱས་ཡོད།

    རང་འགུལ་ངང་བྱས་རྗེས་བཞག་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།

    ས་སྲོས་ཀྱི་མཚམས་སུ་རླངས་འཁོར་གྱི་གློག་འོད་ཆེམ་ཆེམ་དུ་འཕྲོ་བ་དང་ཀྱག་ཀྱོག་གི་རྒྱལ་ལམ་318འགྲམ་དུ་ཉིན་གང་ལས་ལ་བྲེལ་བའི་ཕུར་བུས་ལྟོགས་གསོས་ཕྲན་ཙམ་ཟས་ནས་སླར་ཡང་ཛ་དྲག་ཆེ་བའི་འཛེར་སྒྲའི་ལྟ་ཞིབ་ཚད་ལེན་ལས་ལ་ཞུགས།

    “སྐད་ཆ་དྲང་པོ་བཤད་ན། ང་ཚོའི་ལས་ཀ་ཉོབ་པོ་ཡོད། འོན་ཀྱང་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་ལ་སྐྱེ་ཁམས་གྲངས་གཞིའི་འདེགས་སྐྱོར་མཁོ་འདོན་བྱས་ནས་མང་ཚོགས་ཀྱི‘བདེ་སྐྱིད་ལམ་བུ’དང‘མཐུན་སྒྲིལ་ལམ་བུ’འཛུགས་སྐྲུན་ལ་རམ་འདེགས་ཐུབ་པས། ང་ཚོའི་ལས་ཀ་བྱེད་རིན་ཧ་ཅང་ཆེ་བ་དང་དོན་སྙིང་ཟབ་མོ་ཡོད” ཤ་རྩི་ནག་པའི་ཕུར་བུའི་ངོ་གདོང་ལས་དགའ་བའི་འཛུམ་མདངས་འཕྱུར་ཞིང་། དུས་ཡུན་རིང་པོའི་ནང་འཐབ་ས་དང་པོར་ལྟ་ཞིབ་ཚད་ལེན་གྱི་ལས་དོན་ལ་གཞོལ་བས་ཁོང་གིས་སྔ་ས་ནས་འདི་ལྟ་བུའི་འཚོ་བར་གོམས་ཡོད་ལ་གངས་ལྗོངས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བའི་རྣམ་པའི་དཔང་པོ་ཐུབ་ཡོད།

    སྐྱེ་ཁམས་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱིས“ལྟ་ཞིབ་ཚད་ལེན་ལ་བརྟེན་ནས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ་དང་དམངས་འཚོར་ཞབས་འདེགས་ཞུ་བའི”རྩ་དོན་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས། གཞི་རིམ་གྱི་འཐབ་ས་དང་པོར་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དམངས་ལ་ཞབས་འདེགས་ཞུ་རྒྱུར་དམ་འཛིན་ནན་པོ་བྱས་ཏེ། དམངས་ཆེད་ཁོར་ཡུག་སྲུང་སྐྱོང་དང་དམངས་ཆེད་ལྟ་ཞིབ་ཚད་ལེན་དངོས་འབྲེལ་བྱས་ཡོད། ལོ་དེ་དག་རིང་སྔ་རྗེས་སུ་ཨ་མདོ་རྫོང་དམར་ཆུ་ཤང་གི་མང་ཚོགས་5བསྡུས་ནས་སྐུ་ལྷ་དར་གདོང་འབྲི་ཆུའི་ཆུ་འགོའི་ས་ངོས་ཆུའི་འཆར་ཅན་གྱི་མ་དཔེ་བསྡུ་ལེན་བྱས་པ་དང་། བོད་ལྗོངས་ལག་ཤེས་སློབ་གླིང་གི་སློབ་མ་11ལ་དངོས་སྦྱོང་ལས་གནས་མཁོ་འདོན་བྱས་པ། ལྗོངས་ཡོངས་ཀྱི་རྫོང་རིམ་པ་ཡན་གྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོ་130ལ་ལྟ་ཞིབ་ཚད་ལེན་དང་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ཀྱིས་ཚོད་འཛིན་བྱེད་པའི་སྦགས་བཙོག་འབྱུང་ཁུངས་གཙོ་བོར་ལྟ་སྐུལ་རང་བཞིན་གྱི་ལྟ་ཞིབ་ཚད་ལེན་བྱས་པ། “སློབ་གྲྭའི་འཛེར་སྒྲ་ལྟ་ཞིབ་ཚད་ལེན་བྱེད་པ”དང“སྡེ་ཁུལ་དུ་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་བྱེད་པ”སོགས་ཀྱི་བྱེད་སྒོ་སྤེལ་ནས་མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་ཡག་པོ་བསྒྲུབས་པར་གདེང་འཇོག་བཟང་པོ་མཐའ་གཅིག་ཏུ་ཐོབ་པ་རེད།

    “ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱིས་བཏོན་པའི་སྙན་ཞུ་ལས་ང་འཐུང་ཆུའི་ཆུ་འགོར་བློ་བདེ་པོ་བྱུང་ལ་ཉེ་འགྲམ་གྱི་ཁོར་ཡུག་ལ་དེ་བས་བློ་བདེ་པོ་བྱུང”ཞེས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྒྱ་མཚོ་སྡེ་ཁུལ་གྱི་གྲོང་མི་ཨ་ཅག་སྒྲོལ་མས་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱིས་སྤེལ་བའི“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”བྱེད་སྒོར་བསྔགས་བརྗོད་བྱས།

    རང་ལྗོངས་ཀྱི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་པས་ཐོག་མཐའ་བར་གསུམ་དུ་སེམས་ཤུགས་ཆེན་པོ་རྒྱུན་འཁྱོངས་བྱས་ནས་ལས་དོན་དངོས་ཀྱི་ནང་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་མི་དམངས་ལ་ཞབས་འདེགས་ཞུ་རིང་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ། སྐྱེ་ཁམས་ལྟ་ཞིབ་ཚད་ལེན་བྱེད་རྒྱུ་དེ་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བའི“སྐུལ་འདེད་ཡོ་བྱད”ཤིག་ཏུ་འགྱུར་བ་བྱས་པ་རེད།

    དཀའ་ངལ་བསུ་བཞིན་མདུན་སྐྱོད་བྱས་ཏེ་འབྲི་ཆུའི་ཆུ་འགོ་སྲུང་སྐྱོང་བྱེད་པ།

    སྐུ་ལྷ་དར་གདོང་ནི་འབྲི་ཆུའི་ཆུ་འགོའི་ཐོག་ཐོན་གཙང་པོའི་ཆུ་འགོའི་ཁོངས་སུ་གནས་པས་སྐད་གྲགས་ཆོད་པ་དང་། ས་བབ་ཧ་ཅང་མཐོ་བ་དང་རང་བྱུང་ཆ་རྐྱེན་ཧ་ཅང་ཞན་པས་དེ་ཉིད་མིའི་རིགས་འཚོ་གནས་དཀའ་བའི་གནས་ཤིག་ཏུ་གྱུར་ཡོད།

    སྐྱེ་ཁམས་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱིས་ཀྲུང་གོ་ཚན་རིག་ཁང་མཚོ་བོད་སུའོ་དང་ཀྲུང་གོ་ཁོར་ཡུག་ལྟ་ཞིབ་ཚད་ལེན་སྤྱི་ཁྱབ་ས་ཚིགས་སོགས་ཚན་པ་དང་མཉམ་འབྲེལ་བྱས་ནས་སྐུ་ལྷ་དར་གདོང་ས་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ཚོགས་ཆུང་བཙུགས་པ་དང་། ཉིན་25ཡི་རིང་ལ་ཀླུང་མང་པོ་བརྒྱབ་ནས་མཐོ་ཞིང་གྲང་བ་དང་། གསོ་རླུང་མི་འདང་བ། སྐམ་ཤས་ཆེ་བ། ཁ་བ་བུ་ཡུག་སོགས་ཀྱི་འགྲན་སློང་ཁྱད་བསད་བྱས་པ་བརྒྱུད། སྐུ་ལྷ་དར་གདོང་ལྕང་རྐན་སྡེ་རུ་འཁྱགས་རོམ་དང་གངས་རྒྱལ་ཆོས་པ་འཁྱགས་རོམ་གྱི་ཆུ་ཆུང་བའི་དུས་དང་། ཆུ་རྒྱས་པའི་དུས། ཆུ་སྙོམས་པའི་དུས་བཅས་ཀྱི་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་ཀྱི་ཆེད་དོན་བརྟག་དཔྱད་དང་ལྟ་ཞིབ་ཚད་ལེན་ཐོག་མར་ལེགས་སྒྲུབ་བྱས་པ་རེད།

    “ལྕང་རྐན་སྡེ་རུ་འཁྱགས་རོམ་གྱི་མ་དཔེ་ལེན་པའི་ལས་ཀ་ནི་དཀའ་ཚེགས་ཆེ་ལ་ངོ་མཚར་ཆེ་བ་ཞིག་ཡོད། ང་ཚོས་མཐོ་ཞིང་གྲང་བ་དང་གསོ་རླུང་དཀོན་པ་སོགས་རང་བྱུང་ཁོར་ཡུག་ལས་རྣམ་པར་རྒྱལ་ནས་འབྲི་ཆུའི་ཆུ་འགོའི་ངོ་མཚར་ཆེ་བའི་རྣམ་པ་ཟུར་ཙམ་ཤེས་རྟོགས་ཐུབ་བྱུང”ཞེས་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱི་ལས་བཟོ་ཁྲེན་ཤུས་ཀྱིས་སྐུ་ལྷ་དར་གདོང་འབྲི་ཆུའི་ཆུ་འགོའི་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་གནས་ཚུལ་ལ་ཆེད་དོན་བརྟག་དཔྱད་ལས་དོན་ཐོག་མར་སྤེལ་སྐབས་ཀྱི་བརྗེད་པར་དཀའ་བའི་གནས་ཚུལ་དག་ཇི་མ་ཇི་བཞིན་བཤད།

    ལྟ་ཞིབ་ཚད་ལེན་ཚོགས་ཆུང་གིས་ངལ་བ་དང་དུ་བླངས་ནས་ལས་དོན་ཞིབ་ཚགས་སྤེལ་བ་བརྒྱུད་འཁྱགས་རོམ་དང་། འཁྱགས་ས། ཆུ་རྒྱུད་ཁྱབ་ཚུལ་སོགས་ཕྱོགས་མང་པོའི་སྐྱེ་ཁམས་ཁོར་ཡུག་གི་ད་ཡོད་གནས་ཚུལ་ཤེས་རྟོགས་ཐུབ་པ་དང་། ས་ངོས་ཀྱི་ཆུའི་མ་དཔེ་ལེན་སའི་ངོས་16དང་། ཁོར་ཡུག་བརྟག་དཔྱད་བྱེད་ས་16 སྐྱེ་ཁམས་ལྟ་ཞིབ་ཚད་ལེན་བྱེད་ས་14 གངས་འཁྱགས་3 མཁའ་རླུང་བརྟག་དཔྱད་བྱེད་ས་2དང་དེ་བཞིན་ས་རྒྱུའི་གནས་2བཅས་གཏན་འཁེལ་བྱས་པས་ས་གནས་ས་ཐོག་ཏུ་ལྟ་ཞིབ་ཚད་ལེན་གྲངས་གཞི་194དང་མ་དཔེ་1500ལྷག་ཙམ་ལེན་ཐུབ་པ། ས་གནས་ས་ཐོག་ཏུ་ཟིན་ཐོ་ཁག་62འགོད་རྒྱུ་ལེགས་གྲུབ་བྱུང་བ། ལྟ་ཞིབ་ཚད་ལེན་གྲངས་གཞི་སྣ་ཚོགས་4000ཙམ་ཐོབ་པ་བཅས་འབྲི་ཆུའི་ཆུ་འགོ་དང་ཐ་ན་དབུས་རྒྱུད་དང་སྨད་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་དཔྱད་དཔོག་དང་སྲུང་སྐྱོང་སླར་གསོར་དཔྱད་གཞི་གལ་ཆེན་མཁོ་འདོན་བྱས་ཡོད།

    “ལྟ་ཞིབ་ཚད་ལེན་པ་དང་ཚན་ཞིབ་པས་སེམས་པ་གཅིག་མཐུན་གྱིས་འབྲི་ཆུ་སྲུང་སྐྱོང་བྱེད” འབྲི་ཆུའི་ཆུ་འགོའི་རྡོ་རིང་འགྲམ་དུ་ལྟ་ཞིབ་ཚད་ལེན་ཚོགས་ཆུང་དང་བཅས་པས་སྐད་གསང་མཐོན་པོའི་འབོད་ཚིག་གི་སྒྲ་མཁའ་དབྱིངས་སུ་གྲགས་པ་དང་གངས་རིའི་ཁྲོད་ནག་རིལ་རིལ་གྱི་གཟུགས་དབྱིབས་དེ་དག་ནི“ཚེ་སྲོག་ལ་བརྟེན་ནས་སྐྱེ་ཁམས་སྲུང་སྐྱོང་བྱེད་པའི”དཔང་རྟགས་ཡག་ཤོས་དེ་རེད།

    “དོན་འཁྱོལ་ལ་དམ་འཛིན”གྱི་བྱ་སྤྱོད་སྤེལ་མཁན་དང་ལག་ལེན་པ་ཧུར་ཐག་བྱེད་པ།

    གསར་འགོད་པའི་ཟིན་བྲིས།

    བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་སུ་བཅར་འདྲི་བྱེད་པ་དང་། ས་གནས་ས་ཐོག་ཏུ་ཁོང་ཚོའི་ལས་ཀར་ཉམས་ལེན་བྱེད་སྐབས་འགག་རྩ་ནི“བྲེལ་བ་ཆེ་བ”དེ་རེད། ཆེ་ས་མཁའ་རླུང་དང་། ས་ངོས་ཆུ། ས་རྒྱུ་བཅས་ཀྱི་འཆར་ཅན་ལྟ་ཞིབ་ཚད་ལེན་དབྱེ་ཞིབ་བྱེད་པ་དང་། ཆུང་ས་འཛེར་སྒྲ་དང་། རླུང་ཁམས་ཆེ་མོའི་དྲི་ངན་གསོ་རླུང་། སྦགས་བཙོག་དངོས་པོ་གསར་པ་སོགས་ལ་ཆེད་དོན་བརྟག་དཔྱད་བྱེད་ཀྱི་ཡོད། ཁོང་ཚོ་ནི་དོགས་འཆར་སེལ་མཁན་གྱི“ཁོར་ཡུག་སྨན་པ”ཞིག་ཡིན་ལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་གཞག་ལ་བློ་རྩེ་གཅིག་ཏུ་གཞོལ་མཁན་གྱི་བྱ་སྤྱོད་སྤེལ་མཁན་དང་ལག་ལེན་པ་ཞིག་ཀྱང་རེད།

    རང་ལྗོངས་ཀྱི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་པས་སྤྱོད་ཚུལ་སྔར་བས་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ལས་དོན་ཁྲོད་བརྩེ་སེམས་ཟབ་མོ་བཅངས་ནས་རྐང་འོག་གི་ས་ཆ་ཚང་མར་ཚད་འཇལ་དང་སྐྱེ་ཁམས་ཀྱི་གྲངས་གཞི་ཚང་མར་དབྱེ་ཞིབ་བྱས་ནས་ཆེས་རྩ་ཆེ་བའི་ལང་ཚོ་དེ་ཆེས་ཡག་ཤོས་ཀྱི་དུས་རབས་སུ་ལེགས་སྐྱེས་འབུལ་བ་དང་། བྱ་སྤྱོད་དངོས་ཀྱི་ཐོག་ནས་བོད་ཀྱི་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཀྱི་རྣམ་པ་མངོན་པར་བྱས་ཏེ་རང་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པ་དང་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།