ཀྲུང་གོའི་གློག་སྒུལ་རླངས་འཁོར་ཁེ་ལས་ཀྱིས་ཕྱིར་གཏོང་བྱེད་ཚད་མང་དུ་བཏང་བ།
འདི་ལོའི་ཟླ་2པར་རི་པིན་གྱི་པེ་ཧེ་ཏའོ་པེ་ཀོང་ཏའོ་གྲོང་ཁྱེར་དུ་པི་ཡ་ཏི་གློག་སྒུལ་སྤྱི་སྤྱོད་རླངས་འཁོར་རྩིས་སྤྲོད་པའི་མཛད་སྒོ་འཚོགས་ཤིང་། འདི་ནི་པི་ཡ་ཏི་རླངས་འཁོར་གྱི་རི་པིན་ཀུང་སིས་པེ་ཧེ་ཏའོ་རུ་གློག་སྒུལ་སྤྱི་སྤྱོད་རླངས་འཁོར་གཏོང་ཐེངས་དང་པོ་ཡིན་པ་རེད། པར་འདི་ནི་པི་ཡ་ཏི་གློག་སྒུལ་སྤྱི་སྤྱོད་རླངས་འཁོར་པེ་ཧེ་ཏའོ་ཐང་ཆེན་མདུན་དུ་བཞག་པ།
ཉེ་ཆར། ཧུའུ་པེའི་ཤང་དབྱང་ཐེང་ལུང་རླངས་འཁོར་ཚད་ཡོད་ཀུང་སིའི་སྒྲིག་སྦྱོར་འཁོར་ཁང་དུ་འཕྲུལ་འཁོར་གྱི་ལྡིར་སྒྲ་གྲགས་པ་དང་། ལས་བཟོ་ཚོས་ཉིན་རེ་བཞིན་བྲིན་ཁ་རྒྱུག་པའི་གློག་སྒུལ་རླངས་འཁོར་གྱི་མངགས་ཐོ་རྩིས་སྤྲོད་བྱེད་པར་བྲེལ་བཞིན་ཡོད་པ་རེད། ཀུང་སི་དེར་འདི་ལོ་ཉུང་མཐར་ཡང་རླངས་འཁོར་1000གི་ཕྱིར་གཏོང་མངགས་ཐོ་འབྱོར་བ་དེ་ན་ནིང་གི་ལྡབ་གསུམ་ལྷག་ཙམ་ཟིན་ཞིང་། ཀུང་སིས་གཙོ་བོ་འབར་མ་དང་། ཐེ་ལན། ལོ་སི་སོགས་ཨེ་ཤེ་ཡ་ཤར་ལྷོའི་ཁྲོམ་རར་ཕྱོགས་ནས་གློག་སྒུལ་སྤྱི་སྤྱོད་རླངས་འཁོར་ཕྱིར་གཏོང་བྱེད་བཞིན་ཡོད། འདི་ལོ་ནས་བཟུང་ཨུ་རུ་སུ་དང་འཛམ་གླིང་དབུས་ཤར་ས་ཁུལ་གྱི་ཚོང་ཤག་མང་དུ་འགྲོ་འགོ་ཚུགས་པ་དང་། ཟླ་5པར་ཀུང་སི་དེས་ཕྱི་རྒྱལ་གྱི་ཚོང་ཤག་ཁག་གསུམ་ལ་སྣེ་ལེན་ཞུས་པ་རེད།
ཉིན་རེ་བཞིན་ཛ་དྲག་ཏུ་འགྲོ་བཞིན་པའི་རྒྱལ་ནང་ཁྲོམ་རའི་འགྲན་རྩོད་ལས་ཀྲུང་གོའི་གློག་སྒུལ་རླངས་འཁོར་ཁེ་ལས་ཀྱིས་ཕྱི་རྒྱལ་དུ་ཕྱིར་གཏོང་བྱེད་པའི་གོམ་སྟབས་མགྱོགས་སུ་བཏང་ནས་ཡོ་རོབ་དང་ཨེ་ཤེ་ཡ་ཤར་ལྷོ་གཉིས་གློག་སྒུལ་རླངས་འཁོར་གྱི་ཁེ་ལས་མི་ཉུང་བ་ཞིག་གི་ཁྲོམ་ར་གཙོ་བོར་གྱུར་ཡོད། ཀྲུང་གོའི་གློག་སྒུལ་རླངས་འཁོར་ཁེ་ལས་ཁག་གཅིག་རྒྱལ་སྤྱིའི་ཁྲོམ་རར་ཞུགས་པ་མ་ཟད། གྲུབ་འབྲས་ཀྱང་མངོན་གསལ་དོད་པོ་ཐོབ་ཡོད།
ཀྲུང་གོའི་གློག་སྒུལ་རླངས་འཁོར་ཁེ་ལས་པི་ཡ་ཏི་ཀུང་སིས་མཁོ་འདོན་བྱས་པའི་གྲངས་གཞི་ལས་མངོན་པར། འདི་ལོའི་ཟླ་དང་པོ་ནས་བཞི་པའི་བར་ཚོགས་པས་ཕྱིར་གཏོང་བྱས་པའི་རླངས་འཁོར་ཁྲི་5.36ཙམ་ཟིན་ནས་ན་ནིང་ལོ་ཧྲིལ་པོའི་ཕྱིར་གཏོང་བྱེད་ཚད་ཀྱི་95%ཟིན་ཡོད། ན་ནིང་པི་ཡ་ཏི་རླངས་འཁོར་གྱི་ཁྲོམ་ར་གཙོ་བོའི་གྲས་སུ་ནོར་ཝེ་དང་། འཇར་མན། ཧོ་ལན། ཁོ་ལོམ་པི་ཡ། པར་ཙིར། ཐེ་ལན། སིང་ཀ་ཕོར། ཨོ་སི་ཁྲུ་ལི་ཡ་སོགས་ཚུད་ཡོད་པ་དང་འདི་ལོ་ནས་བཟུང་དབྱིན་ཇི་དང་། སི་ཕེན། ཅོར་ཏན། ཨེ་ཁྭ་ཏོར་སོགས་སུ་ཕྱིར་ཚོང་བྱེད་འགོ་ཚུགས་ཡོད། གློག་སྒུལ་རླངས་འཁོར་ཁེ་ལས་གཞན་ཞིག་སྟེ་ཝེ་ལའེ་2021ལོར་ནོར་ཝེའི་ཁྲོམ་རར་ཞུགས་པ་དང་ན་ནིང་ཟླ་10པར་འཇར་མན་དང་། ཧོ་ལན། ཏེན་མག སུའེ་ཏེན་བཅས་སུ་སྔར་བས་རྒྱ་ཆེར་བཏང་བ་དང་ཆབས་ཅིག རླངས་འཁོར་སིལ་ཚོང་དང་སྔོན་མངགས་རྣམ་པའི་རླངས་འཁོར་བོགས་གཏོང་གི་ཞབས་འདེགས་ཞུ་བཞིན་ཡོད་པ་རེད།
—— སིང་ཀ་ཕོར་གྱི《མཉམ་འབྲེལ་ཞོགས་པའི་ཚགས་པར》གྱི་དྲ་ཚུགས་སྟེང་སྤེལ་བའི་གནས་ཚུལ་གཞིར་བཟུང་།