དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • མཐུན་སྒྲིལ་མེ་ཏོག་ལྷུག་པོར་བཞད། བདེ་སྐྱིད་ཉི་འོད་ཀུན་ལ་ཁྱབ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-11

    འདི་ནི་དམག་སྡེ་བཅོ་བརྒྱད་པའི་འཐབ་འཛིང་པ་རྒན་གྲས་ཀྱི་ནང་མིས་ལོ་ཆུང་གདོང་ལེན་རུ་མིར་དམག་སྡེ་བཅོ་བརྒྱད་པའི་གཏམ་རྒྱུད་ཤོད་བཞིན་པ།

    འདི་ནི་མི་རིགས་ཀྱི་རྒྱན་གོས་སྤྲས་པའི་ཆབ་མདོ་གྲོང་ཁྱེར་བྱིས་གསོ་ཁང་གཉིས་པའི་འཛིན་གྲྭ་ཆེ་བ་དང་པོའི་སློབ་ཕྲུག་ཚོ་ཡིན་པ།

    འདི་ནི་མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་ཁྱིམ་ཚང་ཀྲའོ་དབྱི་ཚུན་དང་ནོར་སྒྲོལ་བཟའ་ཚོ་མཉམ་དུ་བརྒྱབ་པའི་པར་ཡིན་པ།

    འདི་ནི་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་ཤོ་པ་མདོ་གྲོང་རྡལ་གྱི་སེང་རྩེད་འཁྲབ་མཁན་ཡིན་པ།

    འདི་ནི་ཁྲུང་ཆིང་གསོ་རིག་ཚན་ཁག་སློབ་ཆེན་ཞོར་གཏོགས་ཁ་སྦུག་སྨན་ཁང་གི་བོད་སྐྱོར་སྨན་བཅོས་རུ་ཁག་གི་ཁོངས་མི་དང་མང་ཚོགས་མཉམ་དུ་བརྒྱབ་པའི་པར་ཡིན་པ།

    ལོ་མང་རིང་ཆབ་མདོའི་ས་གཞི་ཆེ་མོར་དུས་སྐབས་གསར་པའི་མི་རིགས་མཐུན་སྒྲིལ་གྱི་དཔེ་མཚོན་འབོར་ཆེན་ཞིག་ཐོན་པ་དང་། མི་རིགས་ཁག་གི་མང་ཚོགས་དབར་ཕན་ཚུན་དགའ་ཞེན་དང་བདེ་སྡུག་མཉམ་མྱོང་བྱས་ནས་ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་ཡོད། ཁོང་ཚོས་གསོན་ཉམས་དོད་པའི་བྱ་སྤྱོད་དངོས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ཇི་ཙམ་བཞད་པ་དེ་ཙམ་གྱིས་བཀྲག་མདངས་འཚེར་པོ་ཡོང་བར་བྱས་ཡོད།“མིག་འབྲས་ལ་གཅེས་སྤྲས་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་དང་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་ལྟར་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་དགོས་པའི”བཀའ་སློབ་ལྟར་ས་གཞི་དེའི་སྟེང་མི་རིགས་ཁག་གི་མང་ཚོགས་ཀྱིས་བྱ་བ་ཆུང་ཙག་ནས་འགོ་བརྩམས་ཏེ་མི་རིགས་མཐུན་སྒྲིལ་གྱི་དོན་སྙིང་ཟབ་མོར་གསལ་འགྲེལ་བྱེད་བཞིན་ཡོད།

    སྤྱི་འདོམས་འཆར་འགོད་བྱས་ཏེ་འཛུགས་གཏོད་ཀྱི་བསམ་ཇུས་གཅིག་མཉམ་དུ་བཀོད་པ།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མི་རིགས་ལས་དོན་སྐོར་ལ་ཐབས་ཇུས་གལ་ཆེན་རབ་དང་རིམ་པ་བཀོད་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བླང་བྱ་གསལ་པོ་བཏོན་པས། ཆབ་མདོ་གྲོང་ཁྱེར་གྱིས་བཀོད་སྒྲིག་ལ་གཞིགས་ནས་ཚད་གཞི་མཐོ་པོས་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ལས་དོན་ཧུར་ཐག་སྤེལ་ནས《ཆབ་མདོ་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ཀྱི་འཆར་འགོད(2022ལོ་ནས་2026ལོ་བར)》(གཤམ་དུ《འཆར་འགོད》ཞེས་བསྡུ་རྒྱུ)བཟོས་ཡོད། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་འཛུགས་གཏོད་ཀྱི“བསམ་ཇུས་གཅིག”ཡག་པོ་བཀོད་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བའི་ཐད་གོམ་སྟབས་བརྟན་པོ་ཞིག་སྤོས་ཡོད།

    ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས《འཆར་འགོད》བཟོ་བའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་སྔ་རྗེས་སུ་གྲོང་ཨུད་རྒྱུན་ལས་ཨུ་ལྷན་དང《འཆར་འགོད》བཟོ་བའི་གནས་ཚུལ་སྙན་སེང་ཚོགས་འདུ་འཚོགས་ཏེ《འཆར་འགོད》ལ་བླང་བྱ་ཁ་གསལ་བཏོན་ཡོད། 《འཆར་འགོད》བཟོ་རིང་ད་དུང་ཆེད་མངགས་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་རིགས་གཅིག་མཁས་ཅན་གདན་དྲངས་ཏེ་ཁ་རུབ་དང་། ལྷོ་རོང་། དཔལ་འབར། སྟེང་ཆེན། རི་བོ་ཆེ་བཅས་རྫོང(ཆུས)5རུ་སྔ་རྗེས་སུ་བསྐྱོད་དེ་ཁ་རུབ་རྗེས་ཤུལ་དང་། ཇ་རྟའི་གནའ་ལམ། ཆིང་དམག་གི་འགྲོ་ལམ། དེ་བཞིན་དམག་སྡེ་བཅོ་བརྒྱད་པ་བོད་དུ་སྐྱོད་སའི་ལམ་སོགས་མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་དོན་དངོས་ལོ་རྒྱུས་དང་གཏམ་རྒྱུད་སྙན་པོར་དམིགས་ནས་བརྟག་ཞིབ་གཏིང་ཟབ་བྱས་པས《འཆར་འགོད(མ་ཟིན)》གྲུབ་ཡོད།

    2022ལོར་ཆབ་མདོ་གྲོང་ཁྱེར་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་ཐད་ཁྱོན་བསྡོམས་འགྲོ་སོང་སྒོར་ཁྲི་2600ལྷག་ཙམ་བཏང་ནས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་ལ་རྒྱབ་སྐྱོར་དང་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་ལས་དོན་བདེ་བླག་ངང་སྤེལ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད།

    འཛུགས་གཏོད་ཀྱི་གསོན་ཤུགས་འཕེལ་ཆེད། ཆབ་མདོ་གྲོང་ཁྱེར་གྱིས་སྔ་རྗེས་སུ་སྨར་ཁམས་རྫོང་ཟུར་སྡེ་ཤོད་ཤང་རྔ་སྨད་ཤོད་གྲོང་ཚོར་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད“གྲོང་ཚོ་དང་ཁེ་ལས་སུ་ཁྱབ་གདལ་གཏོང་བའི”དཔེ་སྟོན་བྱེད་སྒོ་སྤེལ་བ་དང་། ཆབ་མདོ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གསུམ་པར་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད“ཤང་དང་གྲོང་རྡལ་དང་སློབ་གྲྭར་ཁྱབ་གདལ་གཏོང་བའི”བྱེད་སྒོ་སྤེལ་བ། གྲོང་ཁྱེར་ཡོངས་དང་རྫོང(ཆུས)ཁག་ཏུ“ཏང་གི་ཚོགས་ཆེན་ཉི་ཤུ་པ་དགའ་བས་བསུ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང”བའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཤེས་བྱའི་འགྲན་བསྡུར་དང་། “ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད”པའི་བརྗོད་དོན་གཙོ་བོའི་བོད་རྒྱ་ཡིག་གཟུགས་འགྲན་བསྡུར། མི་རིགས་མཐུན་སྒྲིལ་གྱི་གླུ་གཞས་དཔྱད་འདེམས། “ཏང་གི་ཚོགས་ཆེན་ཉི་ཤུ་པར་བསྟོད་གླུ་འབུལ། མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་རབ་ཏུ་བཞད”པའི་ཆབ་མདོ་གྲོང་ཁྱེར་གྱི་2022ལོའི་གླུ་གཞས་གསར་པའི་འཁྲབ་སྟོན་འདུ་ཚོགས་སོགས་ཀྱི་བྱེད་སྒོ་སྤེལ་ནས་འཛུགས་གཏོད་ལས་དོན་གྱི་ཤུགས་རྐྱེན་ཐེབས་ཤུགས་དང་། ཁྲིད་སྟོན་གྱི་ནུས་པ། འབོད་སྐུལ་གྱི་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད།

    སེམས་པ་གཅིག་ཏུ་བསྒྲིལ་ནས་མཐུན་སྒྲིལ་གྱི་གླུ་དབྱངས་མཉམ་དུ་བླངས་པ།

    “ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད”དང“མི་རིགས་ཁག་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་དགོས”སོགས་ཆབ་མདོ་གྲོང་ཁྱེར་གྱི་སློབ་གྲྭ་ཁག་ཏུ་མི་རིགས་མི་འདྲ་བའི་སློབ་མ་མཉམ་དུ་སློབ་སྦྱོང་དང་འཚར་ལོངས་ཡོང་བཞིན་ཡོད་པ་དང་། སློབ་གྲྭའི་སློབ་ཁྲིད་ཐད་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་འདུ་ཤེས་ཀྱི་སློབ་གསོ་མཉམ་འདྲེས་ཡག་པོ་ཡོང་བར་བྱས་ཏེ་མི་རིགས་ཁག་གི་སློབ་མར་མི་ཚེའི་གོམ་པ་དང་པོ་ཡག་པོ་སྤོ་དགོས་པའི་ཁྲིད་སྟོན་བྱས་ཡོད།

    སྲིད་ཇུས་དང་བསམ་བློའི་ཁྲིད་སྟོན་མངོན་གསལ་དོད་དུ་གཏོང་ཆེད། ཆབ་མདོ་གྲོང་ཁྱེར་གྱིས་དྲིལ་བསྒྲགས་སློབ་གསོ་གཙོ་གནད་ལས་དོན་ལ་བརྩིས་ནས་དམ་འཛིན་མཐའ་འཁྱོངས་བྱས་ནས་མི་རིགས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་བཅས་ཏང་ཡོན་ལས་བྱེད་པའི་སློབ་གསོ་དང་། སློབ་གྲྭའི་སློབ་གསོ། དགོན་སྡེའི་སློབ་གསོ། སྤྱི་ཚོགས་ཀྱི་སློབ་གསོ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་བཅུག་ནས་ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་ལོ་རྒྱུས། དེ་བཞིན་བོད་ས་གནས་དང་མེས་རྒྱལ་གྱི་འབྲེལ་བའི་ལོ་རྒྱུས་ཀྱི་སློབ་གསོ་རྒྱུན་རྣམ་ཅན་གྱི་སློབ་གསོའི་ཁྱབ་ཁོངས་སུ་བཅུག་ནས“མོས་སེམས་ལྔའི”བསམ་བློའི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་བཏང་སྟེ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ལ་གྱུར་པར་བྱས་ཡོད།

    ཆབ་མདོ་གྲོང་ཁྱེར་གྱིས་བོད་སྐྱོར་གྱི་ལེགས་ཆ་གང་ལེགས་བཏོན་ཏེ་ཐེམ་ཁུངས་ཆབ་མདོ་ནས་ཡིན་པའི་གྲངས་ཉུང་མི་རིགས་ཀྱི་མཐོ་སློབ་སློབ་ཐོན་སློབ་མར་གཞུང་ལས་པའི་ལས་གནས་103རག་ཐབས་བྱས་པ་དང་། རྫོང་དང་ཁྲུའུ་རིམ་པའི་ཕུལ་བྱུང་ལས་བྱེད་པ་89བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་ཁེ་ལས་སུ་ལས་གནས་སློབ་སྦྱོང་དང་གནས་སྦྱར་སྦྱོང་བརྡར་བྱེད་པར་བཏང་ཡོད།

    རིག་གནས་ཀྱི་མོས་སེམས་ཟབ་ཏུ་བཏང་ནས་ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་ཆེད། ཆབ་མདོ་གྲོང་ཁྱེར་གྱིས་ད་དུང“ལས་བྱེད་པ་སྟོང་གྲོང་ཚོ་སྟོང་ལ་སྐྱོད་པའི”སྒྲོག་འགྲེལ་བྱེད་སྒོ་ཤུགས་ཆེན་སྤེལ་ནས་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་དཔེ་བཟང་དང་མི་རིགས་མཐུན་སྒྲིལ་གྱི་ཁྱིམ་ཚང་སོགས་དཔེ་མཚོན་མི་སྣའི་བྱས་རྗེས་དྲིལ་བསྒྲགས་རྒྱ་ཁྱབ་བྱས་པ་དང་། ལྗོངས་ཡོངས་ཀྱི་དཔེ་སྟོན་གྲོང་ཁྱེར་གྱི《ང་ནས་འགོ་བཙུགས་ཏེ་མི་རིགས་མཐུན་སྒྲིལ་བྱེད》པའི་བརྗོད་དོན་གཙོ་བོའི་གླུ་དབྱངས་ཐོག་མ་ཞིབ་ཚགས་ངང་བརྩམས་པ་དང《རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ཧུར་ཐག་བྱེད·འབད་བརྩོན་ཆེན་པོས་མི་རིགས་མཐུན་སྒྲིལ་ཡར་ཐོན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པར་བྱེད—ཆབ་མདོས་བྱ་སྤྱོད་སྤེལ་བཞིན་ཡོད》པའི་སྤྱི་ཕན་དྲིལ་བསྒྲགས་པར་གཞི་བཟོས་པ་དང་འབྲེལ། རྒྱལ་ལམ་318དང་། 317 214བཅས་ཀྱི་ལམ་རྒྱུད་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱང་བུ་དང་། རིག་གནས་གྱང་། དྲིལ་བསྒྲགས་བྱང་བུ་ཆེ་གྲས་བཅས་200ལྷག་ཙམ་བཙུགས་པ་དང་། གྲོང་ཁུལ་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྤྱི་སྤྱོད་རླངས་འཁོར་གྱི་ཆེད་སྐྱོད་ལམ་ཐིག་བཟོས་ནས་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་ཀྱི་ནང་དོན་ཡང་ཡང་བསྟན་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་མོས་སེམས་ཟབ་ཏུ་བཏང་སྟེ་མཐུན་སྒྲིལ་འབད་འཐབ་ཀྱི་བསམ་པའི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་གྱུར་པར་བྱས་ཡོད།

    ལག་གདང་སྦྲེལ་ནས་འཕེལ་རྒྱས་དོན་གཉེར་བྱས་པ།

    “མི་རིགས་ཁག་གི་མང་ཚོགས་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་ཚེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་གངས་ལྗོངས་ས་མཐོར་གཞི་ནས་བཞད་ཐུབ”ཅེས་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་ཐང་ཕུ་ཤང་མི་རིགས་མཐུན་སྒྲིལ་དཔེ་སྟོན་ཁྱིམ་ཚང་གི་ཁྱིམ་འཛིན་མ་ནོར་སྒྲོལ་གྱིས་སེམས་གཏིང་གི་སྐད་ཆ་བཤད།

    ཉེ་བའི་ལོ་ཤས་རིང་ཆབ་མདོ་གྲོང་ཁྱེར་གྱིས་ཕྱོགས་ཁག་གི་ཐོན་ཁུངས་བསྡུ་སྒྲིལ་ཧུར་ཐག་བྱས་ནས་ཞབས་འདེགས་ལ་དམ་འཛིན་གྱིས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་དབར་གཉེན་སྒྲིག་བྱས་པའི་ཁྱིམ་ཚང་1840ལ་ཡིག་ཚགས་བཟོས་པ། གྲོང་གསེབ་དར་རྒྱས་གཏོང་བའི་ཤེས་ལྡན་པ“བརྒྱ་སྟོང་ཁྲིའི”འདུ་འགོད་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ། ཕྱོགས་ལ་ཡོད་པའི་ཕྱུག་འགྱུར་འཇོན་ཐང་ཅན་ཕ་ཡུལ་དུ་ལོག་ནས་ལས་གཏོད་ལ་ཁྲིད་སྟོན་བྱས་ཏེ་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གི་ཕྱུག་འགྱུར་འཇོན་ཐང་ཅན་100ལྷག་ཙམ་གསོ་སྐྱོང་བྱས་ཡོད།

    ནོར་སྒྲོལ་དང་ཁོང་གི་བཟའ་ཟླ་ཀྲའོ་དབྱིས་ཚུན་གྱིས་གོ་སྐབས་དམ་འཛིན་བྱས་ནས་འཇོ་མདའ་རྫོང་ཐང་ཕུ་ཤང་དུ་ལོག་སྟེ་ལས་སྒྲུབ་ལས་གཏོད་བྱས་པ་རེད། ཁོ་གཉིས་ལས་ལ་བརྩོན་ཞིང་འཇོན་ཐང་ཆེ་བས་མགྱོགས་མྱུར་གྲོང་ཚོར་སྐད་གྲགས་ཆོད་པའི་ཕྱུག་འགྱུར་འཇོན་ཐང་ཅན་ལ་གྱུར། ཀྲའོ་དབྱི་ཚུན་གྱིས་བོད་སྐད་ཤེས་པ་མ་ཟད། ད་དུང་གྲོང་ཚོའི་མཉམ་སྡེབ་ཀྱི་བྱེ་རྡོའི་དཔལ་འབྱོར་ལ་ཞུགས་ནས་སྐྱེལ་འདྲེན་གྱི་ལས་ལ་གཞོལ། ནོར་སྒྲོལ་སྤྱང་གྲུང་ལྡན་ཞིང་འཇོན་ཐང་ཆེ་བས་གྲོང་མི་ཚོས་གྲོང་ཚོའི་བུད་མེད་ཀྲུའུ་རེན་ལ་བདམས།

    “མི་གཅིག་ཕྱུག་པོ་ཆགས་ན་ཕྱུག་པོ་མིན། ཚང་མ་ཕྱུག་པོ་ཆགས་ན་གཞི་ནས་ཕྱུག་པོ་ངོ་མ་ཡིན”ནོར་སྒྲོལ་གྱིས་གསར་འགོད་པར་གྲོང་ཚོའི་བུད་མེད་ཀྲུའུ་རེན་གྱི་འགན་ཁུར་རྗེས་ཁོང་གིས་གྲོང་ཚོའི་བུད་མེད་57སྒྲིག་འཛུགས་བྱས་ནས་གླིང་ཁའི་དཔལ་འབྱོར་འཕེལ་རྒྱས་བཏང་བ་རེད།

    2020ལོའི་ཟླ་5ཚེས་1ཉིན《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ཀྱི་སྲོལ་ཡིག》དངོས་སུ་ལག་བསྟར་བྱས་ནས་བོད་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་ལ་ཤུགས་སྣོན་རྒྱག་པའི་རྒྱང་ལམ་གསར་པ་བཏོད་ཡོད།

    ཆབ་མདོ་གྲོང་ཁྱེར་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་གཏོད་ཀྱི་ལས་དོན་ཧུར་ཐག་སྤེལ་ནས་ནུས་ཤུགས་ཡོད་རྒུས་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་གྱི་ཀྲུང་ཧྭ་རིག་གནས་ཀྱི་བརྗོད་དོན་གཙོ་བོའི་སྤྱི་གླིང་དང་། མི་རིགས་མཐུན་སྒྲིལ་རིག་གནས་ཀྱི་ཁྱམས་རིང་། རྫོང་མི་རིགས་མཐུན་སྒྲིལ་གྱི་ཁྱད་ལྡན་གྲོང་ཚོ་སོགས་བཏོད་དེ“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད་པའི”རྣམ་པ་བཟང་པོ་བཏོད་ཡོད།

    “ཉེ་བའི་ལོ་ཤས་རིང་། ང་ཚོས་ལྷོ་རོང་རྫོང་ཤོ་པ་མདོ་གྲོང་རྡལ་གྱི་ཆིང་དམག་གི་བང་སོ་དང་། ཤོ་པ་མདོའི་གནའ་གྲོང་གི་ལྕགས་རི། ཤོ་པ་མདོའི་རྫོང་གི་རྗེས་ཤུལ། ཤོ་པ་མདོའི་དགོན་པ་སོགས་ལོ་རྒྱུས་རིག་གནས་ཀྱི་རྗེས་ཤུལ་སྔོག་འདོན་གང་ལེགས་བྱས་ནས་གསར་བརྗེའི་རིག་གནས་དར་སྤེལ་བཏང་བ་དང་། སེང་རྩེད་དང་། དམངས་ཁྲོད་ལག་རྩལ། ཐོན་ལས་རྣམ་གྲངས་སོགས་ས་ཁོངས་ཀྱི་མི་ཆོས་རིག་གནས་ཀྱི་ཁྱད་ཆོས་རྒྱུན་འཛིན་བྱས་ནས་ལྷོ་རོང་རྫོང་ཤོ་པ་མདོ་གྲོང་རྡལ་གྱི་མི་རིགས་ཀྱི་ཁྱད་ལྡན་གྲོང་ཚོ་ནུས་ཤུགས་ཡོད་རྒུས་བཏོད་ཡོད”ཅེས་ལྷོ་རོང་རྫོང་རིག་གནས་ཡུལ་སྐོར་ཅུས་ཀྱི་འབྲེལ་ཡོད་ལས་དོན་པས་ངོ་སྤྲོད་བྱས།

    ཆབ་མདོ་གྲོང་ཁྱེར་གྱིས་ཁྱད་ལྡན་གྲོང་ཚོ་གཏོད་པ་དང་གྲངས་ཉུང་མི་རིགས་ཀྱི་རིག་གནས་འཕེལ་རྒྱས་གཏོང་ཆེད་གྲངས་ཉུང་མི་རིགས་ཀྱི་འཕེལ་རྒྱས་རྣམ་གྲངས་འཛུགས་སྐྲུན་ལ་མ་དངུལ་སྒོར་ཁྲི་3250ལྷག་ཙམ་བཏང་བས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐུན་མོང་འབྱོར་ཕྱུག་ལ་སྐུལ་མ་ཐེབས་པ་མ་ཟད། མི་རིགས་ཁག་གི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་ཀྱང་བསྐྲུན་ཡོད།

    ཁྲིམས་སྐྱོང་འགན་ལེན་བྱས་ནས་ཞི་མཐུན་གྱི་འོད་མདངས་འཚེར་བ།

    མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ཀྱི་ལས་དོན་སྤེལ་བ་ནས་བཟུང་། མི་རིགས་ས་ཁུལ་གྱི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ། མི་རིགས་ཁག་གི་མང་ཚོགས་ལ་རང་རྟོགས་ངང་ཁྲིམས་བཀུར་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་ལ་ཁྲིད་སྟོན་བྱས་པས། ཆབ་མདོ་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་ལས་དོན་གལ་ཆེའི་ནང་གི་འགངས་ཆེར་རིམ་བཞིན་གྱུར་ཡོད། དེར་བརྟེན་ཆབ་མདོ་གྲོང་ཁྱེར་གྱིས་ལྟ་སྐུལ་ཁྲིམས་འཛིན་ཞིབ་བཤེར་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ“ལས་བྱེད་པ་སྟོང་གྲོང་ཚོ་སྟོང་ལ་སྐྱོད་པའི”ཁྲིམས་ལུགས་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

    འདི་ལོའི་ཟླ་གསུམ་པར་ཆབ་མདོ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་བྱེད་པ་དང་ཉེན་རྟོག་པ་14ཁ་རུབ་ཆུས་དང་། གོ་འཇོ་རྫོང་། ལྷོ་རོང་རྫོང་། སྨར་ཁམས་རྫོང་། མཛོ་སྒང་རྫོང་སོགས་སུ་བསྐྱོད་དེ“ལས་བྱེད་པ་སྟོང་གྲོང་ཚོ་སྟོང་ལ་སྐྱོད་པའི”བྱེད་སྒོ་ཏན་ཏིག་སྤེལ་ནས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་ཁྲིམས་ཁང་གི་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད།

    བརྟན་ལྷིང་གི་རྨང་གཞི་བརྟན་དུ་གཏོང་ཆེད། འདི་ལོ་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་ད་དུང“བྱ་སྤྱོད་ཚང་མ་དུས་བདེར་དམིགས་ཏེ་ལག་གདང་དཔུང་གཤིབ་ཀྱིས་ཞི་མཐུན་ལ་སྐུལ་འདེད་གཏོང་དགོས”པ་བརྗོད་དོན་གཙོ་བོར་བྱས་པའི་ཟླ་གསུམ་པའི་དུས་བདེ་འཛུགས་སྐྱོང་གི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་ཐེངས་ལྔ་པ་མཉམ་དུ་སྤེལ་ཞིང་། འཕྲེད་འགེལ་སྦྱར་ཡིག་འགེལ་བ་དང་། དྲིལ་བསྒྲགས་ཤོག་བྱང་སྤྲོད་པ། བཅའ་ཁྲིམས་ཤེས་བྱའི་ལག་དེབ་སྤྲོད་པ། ས་ཡུལ་དངོས་སུ་འགྲེལ་བཤད་རྒྱག་པ་སོགས་རྣམ་པ་སྣ་ཚོགས་བརྒྱུད་ནས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས》 《བོད་རང་སྐྱོང་ལྗོངས་ཀྱི་དུས་བདེ་འཛུགས་སྐྱོང་སྐོར་གྱི་སྲོལ་ཡིག》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་གཏིང་ཟབ་བྱས་ནས་རྒྱ་ཆེའི་མང་ཚོགས་ལ་དུས་བདེ་ཤེས་རྟོགས་དང་དུས་བདེ་སྲུང་བར་ཁྲིད་སྟོན་བྱས་པ་རེད།

    འདི་ལོའི་ཟླ་2པར་ཆབ་མདོ་གྲོང་ཁྱེར་མི་རིགས་ལས་དོན་ཨུ་ལྷན་གྱིས་སྒྲིག་འཛུགས་བྱས་པའི་2023ལོའི་རིག་གནས་དང་། ཚན་རྩལ། འཕྲོད་བསྟེན་བཅས“གཤམ་སྐྱོད་གསུམ”གྱི་གཅིག་སྡུད་དཔེ་སྟོན་བྱེད་སྒོ་རི་བོ་ཆེ་རྫོང་ས་མདོ་གྲོང་རྡལ་མི་རིགས་མཐུན་སྒྲིལ་ཐང་ཆེན་དུ་སྤེལ་བ་རེད། ལས་དོན་པས་མང་ཚོགས་ལ《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ཀྱི་སྲོལ་ཡིག》དང《མི་རིགས་མཐུན་སྒྲིལ་གྱི་ཤེས་བྱའི་དྲི་བ་དྲིས་ལན་100》 དེ་བཞིན་གྲོང་གསེབ་ཀྱི་འདེབས་གསོའི་ལག་རྩལ་ཕྱོགས་སྟོན་དང་མི་སྒེར་གྱི་འཕྲོད་བསྟེན་ཐད་དོ་སྣང་བྱེད་དགོས་པའི་དོན་ཚན་སོགས་འབྲེལ་ཡོད་ཤེས་བྱ་ངང་རྒྱུད་རིང་པོས་དྲིལ་བསྒྲགས་དང་ཁྱབ་གདལ་བཏང་བ་རེད།

    “‘གཤམ་སྐྱོད་གསུམ’གྱི་བྱེད་སྒོ་སྤེལ་བ་བརྒྱུད། ང་ཚོས་ཁྱིམ་གྱི་སྒོ་རྩ་ནས་རིག་གནས་དང་། སྨན་བཅོས། བཅའ་ཁྲིམས། ཚན་རྩལ་བཅས་ཀྱི་ཞབས་འདེགས་ཡག་པོ་འདི་འདྲ་ལོངས་སྤྱོད་ཐུབ་པས་ཚང་མའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་པ་མ་ཟད། ང་ཚོས་ཤེས་བྱ་མང་པོའང་ཤེས་བྱུང”ཞེས་ས་ཡུལ་དངོས་ཀྱི་མང་ཚོགས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་བཤད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།