དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཀྲུང་གོས་ང་ལ་གོ་སྐབས་སྤྲད་བྱུང”

    ཧོང་ཏུ་ར་སིའི་ན་གཞོན་ཞིག་དང་ཀྲུང་གོའི་དབར་གྱི་ལས་འབྲེལ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  ཞི་གཡོད་དང་ཀྲུའུ་ཡུས་པོ།   |     སྤེལ་དུས།  2023-06-10

    ཟླ་6ཚེས་5ཉིན། ཧོང་ཏུ་ར་སིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་དངོས་སུ་སྒོ་ཕྱེ་བ་རེད། དེ་ལས་སྔོན་ཆད་ཀྲུང་གོར་ལས་ཀ་དང་འཚོ་བ་བསྐྱལ་ནས་ལོ་5ཙམ་སོང་བའི་མཁྱེན་ལྡན་མ་པའོ་ལཱ·ཕ་ལཱ་ཞི་ཨོ་སིར་སེམས་འགུལ་ཆེན་པོ་ཐེབས། ཀྲུང་གོར་བསྐྱར་དུ་ལོག་རྒྱུའི་རེ་སྒུག་ཡུན་རིང་བྱས་པའི་ཁོང་གིས་ཀྲུང་གོར་སྐྱོད་པའི་འགྲོ་ལུགས་གཉེར་རྒྱུ་དེ་ཉིན་རེའི་གྲོས་རིམ་ནང་བཅུག་པ་རེད།

    འདི་ལོ་ལོ་33ལ་སླེབས་པའི་ཕ་ལཱ་ཞི་ཨོ་སི་ནི་ཧོང་ཏུ་ར་སིའི་སོའི་སྨན་པ་ཞིག་ཡིན། 2017ལོའི་ལོ་མཇུག་ཏུ་པེ་ཅིང་གི་ཁ་ལྦུག་སྨན་ཁང་ཞིག་ཏུ་ཁོང་ལ་ལས་ཀ་བྱེད་པའི་གོ་སྐབས་བྱུང་ནས་རྒྱ་མཚོ་ཆེན་པོའི་ཕ་རོལ་དུ་ལས་ཀ་སྒྲུབ་འགོ་ཚུགས་པ་རེད།

    དང་ཐོག་ཕ་ལཱ་ཞི་ཨོ་སིས་སྨན་ཁང་དུ་ལོ་ཕྱེད་ཙམ་རིང་ལས་རོགས་སྨན་པ་བྱས་ཏེ་སོ་ལ་བརྟག་དཔྱད་སོགས་རྨང་གཞིའི་ལས་ཀ་ནས་བསྒྲུབས་འགོ་བརྩམས་པ་དང་། དེ་རྗེས་དཀའ་ཚེགས་ཅུང་ཆེ་བའི་ལག་རྩལ་རིམ་བཞིན་སྦྱངས་ནས་རྙོག་འཛིང་ཆེ་བའི་སོ་འཛུགས་པའི་ལས་ཀ་རང་རྐྱ་འཕེར་བའི་ངང་སྒྲུབ་ཐུབ་ཀྱི་ཡོད། སྨན་ཁང་དུ་གཟའ་འཁོར་རེ་དང་ཟླ་རེར་གསོ་སྦྱོང་དང་སློབ་སྦྱོང་བྱེད་དགོས་ཀྱི་ཡོད་པས་ཁོང་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད།

    “ལས་རིགས་ཀྱི་བགྲོད་ལམ་དུ་ང་རང་ཡར་རྒྱས་ཟམ་མི་ཆད་པར་ཕྱིན་པ་མ་ཟད། ཤེས་བྱ་གསར་པར་ཡང་སྦྱངས་བརྩོན་བྱས་དང་བྱེད་མུས་ཡིན། ང་རང་བག་ཕེབས་ཁུལ་ནས་གྱེས་ཏེ་དཀའ་ངལ་དང་འགལ་རྐྱེན་འཕྲད་སྐབས་སྔར་བས་དཔའ་ངར་དང་སྡུག་རུས་ལྡན་པར་འགྱུར་གྱི་འདུག”ལས་ཀའི་ཁོར་ཡུག་ལ་སྔར་བས་འཚམ་པར་བྱ་ཆེད། ངས་ཀྲུང་གོའི་སྐད་ཡིག་ཀྱང་སྦྱོང་འགོ་ཚུགས་པ་ཡིན་ཞེས་ཕ་ལཱ་ཞི་ཨོ་སི་ཡིས་བརྗོད།

    ཕ་ལཱ་ཞི་ཨོ་སིའི་སར་སོ་བཟོ་བར་ཡོང་བའི་ནད་པ་མང་ཆེ་བ་ལོ་ཕྱེད་ནས་ལོ་གཅིག་བར་སྨན་བཅོས་བྱེད་དགོས་སྟབས། ཞིབ་ཚགས་དང་། གཟབ་ནན། བྱམས་བརྩེ་ཆེ་བའི་ཁོང་དང་ནད་པ་མང་པོའི་དབར་མཛའ་འབྲེལ་ཆགས་ཡོད། ནད་པས་ཀྱང་ཁོང་ལ་གོས་དར་ཕུལ་བ་དང་འཕྲིན་ཡིག་བསྐུར་བ་མ་ཟད། རང་ཉིད་ཀྱི་གྲོགས་པོ་གཞན་དག་ལའང་ཁོང་ངོ་སྤྲོད་བྱས་ཡོད། “ངས་ཀྲུང་ལུགས་གསོ་རིག་གི་འཕུར་མཉེད་ཤེས་པའི་ནད་པ་ཞིག་ལ་སྨན་བཅོས་བྱེད་མྱོང་ཡོད། ལས་ཀའི་དབང་གིས་ང་ཐང་ཆད་ནས་ཕྲག་པར་ན་ཟུག་གཏོང་སྐབས་ཁོང་གིས་ང་ལ་འཕུར་མཉེད་བྱེད་ཀྱི་རེད”ཅེས་ཕ་ལཱ་ཞི་ཨོ་སིས་འཛུམ་དམུལ་དམུལ་ངང་བཤད།

    ཕ་ལཱ་ཞི་ཨོ་སི་ཡིས་སླར་ཡང་ཀྲུང་གོར་ལོག་ནས་འཚོ་བ་སྐྱེལ་རྩིས་ཡོད་ཁར། ཆ་ལག་ཚང་བའི་ངང་ཀྲུང་གོའི་སྐད་ཡིག་སྦྱོང་བ་དང་ཀྲུང་གོའི་རིག་གནས་ཤེས་རྟོགས་ཐུབ་རྒྱུའི་རེ་བའང་བྱེད་ཀྱི་ཡོད། ཁོང་གིས“ངས་ཧོང་ཏུ་ར་སི་བ་མང་པོར་ང་དང་ཀྲུང་གོའི་དབར་གྱི་གཏམ་རྒྱུད་བརྗོད་ཐུབ་རྒྱུའི་རེ་བ་ཡོད་ལ། ཀྲུང་གོ་བར་དེ་བས་ཕྱོགས་ཡོངས་དང་དངོས་ཡོད་ཀྱི་ངའི་ཕ་ཡུལ་ངོ་སྤྲོད་བྱེད་པའི་རེ་བའང་ཡོད། རང་ཉིད་ཧུང་ཏུ་ར་སི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཕན་ཚུན་ཤེས་རྟོགས་དང་རྒྱུས་ཡོང་བར་སྐུལ་འདེད་གཏོང་བའི་ཕོ་ཉ་ཞིག་ཏུ་འགྱུར་རྒྱུའི་རེ་བའང་ཡོད”ཅེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།