དབུ་ཤོག
  • གཡོ་ཁྲམ་འདི་རིགས་ལ་གཟབ་པར་འཚལ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2023-06-09

    ཉེ་དུས། ལྷ་སའི་ཉེན་རྟོག་ཕྱོགས་ཀྱིས་ཕྱོགས་ཁག་གི་སྟོབས་ཤུགས་གཅིག་ཏུ་བསྡུས་ཏེ་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་གྱོད་གཞི་ཁག་3རྩད་ཆོད་ཐུབ་ནས། ཉེས་གསོག་དོགས་ཅན་4བཟུང་བ་དང་གྱོད་གཞི་དང་འབྲེལ་བ་ཡོད་པའི་དངུལ་སྒོར་ཁྲི་76ལྷག་ཙམ་ཚུར་བླངས་པ་རེད།

    “ཅིང་ཏུང་ཆད་འཛིན”གྱི་ཁ་བསླུས་གྱོད་གཞི།  

    ཟླ་4ཚེས་1ཉིན་གྱི་ཆུ་ཚོད་10པ་ཙམ་ལ། ལྷ་ས་གྲོང་ཁྱེར་ཁ་བསླུས་ངོ་རྒོལ་ལྟེ་གནས་སུ་མང་ཚོགས་ཀྲའོ་ཆེ་གེ་མོའི་ཉེན་བརྡའི་ཁ་པར་འབྱོར་ནས། ཟླ་4ཚེས་1ཉིན། ང་ལ་ཅིང་ཏུང་ཚོང་ཞབས་ཡིན་ཟེར་བའི་ཁ་པར་ཞིག་འབྱོར་ནས། ཅིང་ཏུང་ཆད་འཛིན་ཐོ་ཁོངས་ནས་སུབ་དགོས་པ་མ་ཟད། ཐོ་ཁོངས་ནས་མ་བསུབ་ཚེ་ཁྱེད་ཀྱི་ཡིད་རྟོན་ལ་ཤུགས་རྐྱེན་ཐེབས་ཀྱི་རེད་ཅེས་བརྗོད་བྱུང་། དེར་བརྟེན། ངས་ཕ་རོལ་པོའི་རེ་བ་ལྟར་བཀོལ་སྤྱོད་བྱས་པས་སྒོར་241110ཁ་བསླུས་ཐེབས་སོང་ཞེས་སྙན་སེང་ཞུས།

    ཉེན་བརྡ་འབྱོར་རྗེས། ལྷ་ས་གྲོང་ཁྱེར་ཁ་བསླུས་ངོ་རྒོལ་ལྟེ་གནས་ཀྱིས་འཕྲལ་དུ་བརྟག་དཔྱད་དཔང་ལེན་དང་ཞིབ་འཇུག་བརྡར་གཅོད་ཀྱི་ལས་དོན་སྤེལ་ཞིང་། བརྟག་དཔྱད་བྱས་པ་བརྒྱུད། མི་དམངས་ཉེན་རྟོག་པས་ཉེས་གསོག་དོགས་ཅན་ཝང་ཆེ་གེ་མོ་མྱུར་དུ་གཏན་འཁེལ་བྱས་པ་དང་འབྲེལ། ཁོ་པ་དྲ་ཐོག་བྲོས་བྱོལ་གྱི་མིང་ཐོའི་ནང་བཅུག་པ་རེད། ཟླ་4ཚེས་7ཉིན། ཧྲང་ཧའེ་གྲོང་ཁྱེར་ཕུའུ་ཏུང་ཁུལ་གསར་སྤྱི་བདེ་ཅུས་ཀྱི་གཞོགས་འདེགས་ཧུར་ཐག་འོག ཉེས་གསོག་དོགས་ཅན་ཝང་ཆེ་གེ་མོ་བཟུང་བ་རེད། 

    མིག་སྔར། སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཉེས་གསོག་དོགས་ཅན་ཝང་ཆེ་གེ་མོ་ཉེས་དོན་བཀག་ཉར་བྱས་པ་དང་། ཁ་བསླུས་ཐེབས་པའི་དངུལ་སྒོར་35000མི་དམངས་ཉེན་རྟོག་པས་འདེད་ལེན་ཐུབ་ཡོད། གྱོད་གཞི་དེ་སྔར་བས་སྒྲུབ་གཉེར་བྱེད་བཞིན་ཡོད་པ་རེད། 

    ཀུང་སིའི་འགོ་ཁྲིད་ལ་བརྫུས་པའི་ཁ་བསླུས་གྱོད་གཞི།

    ཟླ་5ཚེས་19ཉིན། ལྷ་ས་གྲོང་ཁྱེར་ཁ་བསླུས་ངོ་རྒོལ་ལྟེ་གནས་སུ་ལྷ་ས་གྲོང་ཁྱེར་གྱི་ཀུང་སི་ཞིག་གི་རྩིས་པ་ཀྲང་ཆེ་གེ་མོའི་ཉེན་བརྡའི་ཁ་པར་འབྱོར་ནས། མི་ཞིག་གིས་ཀུང་སི་དེའི་འགོ་ཁྲིད་ལ་བརྫུས་ནས་སྒོར་ཁྲི་71ལྷག་ཙམ་ཁ་བསླུས་ཐེབས་སོང་ཞེས་ཞུས།

    ཉེན་བརྡ་འབྱོར་རྗེས། ལྷ་ས་གྲོང་ཁྱེར་ཁ་བསླུས་ངོ་རྒོལ་ལྟེ་གནས་ཀྱིས་འཕྲལ་དུ་མྱུལ་ཞིབ་ཀྱི་ལས་དོན་སྤེལ་བ་དང་འབྲེལ། གྱོད་འབྲེལ་རྩིས་ཁྲ་བསྡམས་བཅད་ཀྱང་བྱས་ནས་དངུལ་སྒོར་ཁྲི་139ལྷག་ཙམ་བསྡམས་བཅད་བྱས་པ་རེད། ཟླ་5ཚེས་20ཉིན་དང་ཚེས་22ཉིན། གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་ཧོ་ནན་དང་ཡུན་ནན་ཉེན་རྟོག་ཕྱོགས་ཀྱི་གཞོགས་འདེགས་ཧུར་ཐག་འོག ཉེས་གསོག་དོགས་ཅན་ཀྲེང་ཆེ་གེ་མོ་དང་ཧྲི་ཆེ་གེ་མོ་གཉིས་བདེ་བླག་ངང་བཟུང་བ་རེད། 

    འདྲི་རྩད་བྱས་པ་བརྒྱུད། ཉེས་གསོག་དོགས་ཅན་2ཀྱིས་ཀུང་སི་དེའི་འགོ་ཁྲིད་ལ་བརྫུས་ནས་གློག་འཕྲིན་ཁ་བསླུས་བརྒྱབ་པའི་ཉེས་གསོག་དོན་དངོས་སྦ་གསང་མེད་པར་ངོས་ལེན་ཞུས་ཤིང་། མིག་སྔར། ཧྲི་ཆེ་གེ་མོ་དང་ཀྲེང་ཆེ་གེ་མོ་གཉིས་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་པ་དང་། ཁ་བསླུས་བརྒྱབ་པའི་དངུལ་སྒོར་ཁྲི་44.9འདེད་ལེན་བྱས་ཡོད། གྱོད་གཞི་དེ་སྔར་བས་སྒྲུབ་གཉེར་བྱེད་བཞིན་ཡོད་པ་རེད། 

    “རང་འདོད་ལྟར་འཕུར་ཆོག”ཅེས་པའི་ཁ་བསླུས་གྱོད་གཞི། 

    ཟླ་3ཚེས་25ཉིན། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་ལ་ལྷ་ས་གྲོང་ཁྱེར་གྱི་གྲོང་མི་ཐང་ཆེ་གེ་མོའི་ཉེན་བརྡའི་ཁ་པར་འབྱོར་ནས། 2021ལོའི་ཟླ་6པ་ནས་2022ལོའི་ཟླ་2པ་བར། རང་ཉིད་མཁའ་འགྲུལ་ཀུང་སི་ཞིག་གི་འགན་འཁུར་བ་ཡིན་ཟེར་མཁན་གྱི་སྐྱེས་པ་ཞིག་གིས་ལྷ་སར“རང་འདོད་ལྟར་འཕུར་ཆོག”ཅེས་པའི་སྤ་སེ་འདོན་སའི་མ་ལག་ཕབ་ལེན་བྱ་རྒྱུར་ཁ་གཡར་ནས་སྔ་རྗེས་སུ་སྒོར་ཁྲི་60ལྷག་ཙམ་ཁ་བསླུས་ཐེབས་སོང་ཞེས་ཞུས། 

    ཉེན་བརྡ་འབྱོར་རྗེས། ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གི་རུ་ཆེན་གཉིས་པས་འཕྲལ་དུ་གྱོད་སྒྲུབ་ལས་དོན་སྤེལ་ཞིང་། བརྟག་དཔྱད་བྱས་པ་བརྒྱུད། མི་དམངས་ཉེན་རྟོག་པས་ཉེས་གསོག་དོགས་ཅན་ལིའུ་ཆེ་གེ་མོ་ཡིན་པ་གཏན་འཁེལ་བྱས་པ་དང་འབྲེལ། ལིའུ་ཆེ་གེ་མོར་ནད་ཕོག་སྟེ་ཀོང་ཏུང་ཞིང་ཆེན་ཀོང་ཀྲོའུ་གྲོང་ཁྱེར་དུ་སྨན་བཅོས་བྱེད་བཞིན་ཡོད་པ་ཤེས་རྟོགས་ཐུབ་རྗེས། མྱུལ་ཞིབ་མི་དམངས་ཉེན་རྟོག་པ་མྱུར་དུ་ཀོང་ཏུང་ཞིང་ཆེན་ཀོང་ཀྲོའུ་གྲོང་ཁྱེར་དུ་བསྐྱོད་ནས་ཁོ་པ་བཟུང་བ་རེད། 

    མིག་སྔར། ཉེས་གསོག་དོགས་ཅན་ལིའུ་ཆེ་གེ་མོར་ནད་གཞི་ལྕི་པོ་ཕོག་པས། སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཁོ་པར་སྡོད་གནས་ལྟ་ཞིབ་ཀྱི་བཙན་ཤེད་བྱེད་ཐབས་སྤྱད་པ་དང་། ཁ་བསླུས་ཐེབས་པའི་དངུལ་སྒོར་ཁྲི་28.5འདེད་ལེན་ཐུབ་ཡོད། གྱོད་གཞི་དེ་སྔར་བས་སྒྲུབ་གཉེར་བྱེད་བཞིན་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།