“ཟུང་འབྲེལ་གཉིས”ཀྱི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་དགོས།
—— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུར་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་སྐོར་གླེང་བ།
ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ནི་རང་རེའི་ཏང་གིས་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི“རྩ་བ”ཡིན་པ་དང“ཟུང་འབྲེལ་གཉིས”ནི་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་ལ་སྐུལ་འདེད་གཏོང་བའི་རྩ་བའི་ཐབས་ལམ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་ནས“ཟུང་འབྲེལ་གཉིས”ཀྱི་དོན་སྙིང་གལ་ཆེན་ལ་འགྲེལ་བཤད་གཏིང་ཟབ་གནང་བ་དེས་ང་ཚོར་རིག་གནས་ཀྱི་ལས་འགན་གསར་པ་དེ་བས་ཡག་པོ་འཁུར་བ་དང་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་ལ་ཟམ་མི་ཆད་པར་སྐུལ་འདེད་བཏང་སྟེ། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་རིག་གནས་དར་རྒྱས་གོང་འཕེལ་དང་། རིག་གནས་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་འཛུགས་སྐྱོང་བཅས་ལ་མུ་མཐུད་སྐུལ་འདེད་གཏོང་བའི་ཐད་དོན་སྙིང་གལ་ཆེན་དང་ཤུགས་རྐྱེན་ཟབ་མོ་ལྡན་ཡོད།
མར་ཁེ་སི་རིང་ལུགས་ཀྱིས་ཀྲུང་གོར་འགྱུར་ལྡོག་གཏིང་ཟབ་བཏང་བ་དང་ཀྲུང་གོས་ཀྱང་མར་ཁེ་སི་རིང་ལུགས་ཕུན་སུམ་ཇེ་ཚོགས་སུ་བཏང་བ་རེད། རང་རེའི་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་འཚོལ་ཞིབ་རེ་རེ་བཞིན་དང་། འགལ་རྐྱེན་རེ་རེ་བཞིན། གསར་འབྱེད་རེ་རེ་བཞིན་བཅས་ཀྱི་ཁྲོད་ཀྲུང་གོའི་ཆབ་སྲིད་ཀྱི་སྟོབས་ཤུགས་གཞན་དག་སྣ་ཚོགས་ཀྱིས་ལེགས་སྒྲུབ་བྱེད་མི་ཐུབ་པའི་དཀའ་ཚེགས་ཆེ་བའི་ལས་འགན་ལེགས་སྒྲུབ་ཐུབ་པའི་རྩ་བ་ནི་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་ཞིབ་ཕྲའི་དོན་དངོས་དང་ཟུང་འབྲེལ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་ལ་ཟམ་མི་ཆད་པར་སྐུལ་འདེད་བཏང་བ་དེ་རེད། ལྷག་པར་དུ་དུས་རབས་གསར་པ་ཤར་ཚུན་རང་རེའི་ཏང་གིས“ཟུང་འབྲེལ་གཉིས”མཐའ་འཁྱོངས་ཀྱིས་རིགས་པའི་གཞུང་ལུགས་འཚོལ་ཞིབ་དང་གསར་གཏོད་བྱེད་ཕོད་པ་དང་། མཐོང་རྒྱ་གསར་པའི་ཐོག་ནས་གུང་ཁྲན་ཏང་གི་སྲིད་འཛིན་ཆོས་ཉིད་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཆོས་ཉིད། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་བཅས་ལ་ངོས་འཛིན་བྱེད་ཚད་གཏིང་ཟབ་ཏུ་བཏང་ནས་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་པ་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ནང་གཅིག་སྡུད་ཐོག་མངོན་ཡོད།
བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་འོག རང་རེའི་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་དུས་རབས་གསར་པའི་གྲུབ་འབྲས་རླབས་པོ་ཆེ་བཏོད་ནས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་དེ་ལྡོག་ཐབས་བྲལ་བའི་ལོ་རྒྱུས་ཀྱི་འཕེལ་རིམ་དུ་སླེབས་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་ཀྲུང་གོ་འདི་ཉིད་དེ་བས་བརྗིད་ཉམས་ཆེ་བའི་ཉམས་འགྱུར་ཐོག་ནས་འཛམ་གླིང་གི་ཤར་ཕྱོགས་སུ་འགྱིང་ངེར་གནས་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། “རང་རེའི་སྤྱི་ཚོགས་རིང་ལུགས་གཞན་དང་མི་འདྲ་བའི་རྒྱུ་མཚན་གང་ཡིན་ནམ། སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་གསོན་ཤུགས་ཀྱིས་ཁེངས་དོན་གང་ཡིན་ནམ། འགག་རྩ་དེ་ཀྲུང་གོའི་ཁྱད་ཆོས་ལ་ཐུག་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་འགག་རྩ་དེ‘ཟུང་འབྲེལ་གཉིས’ལ་ཐུག་ཡོད” ངོས་འཛིན་གཏིང་ཟབ་བྱེད་དགོས་པ་ཞིག་ལ།“ཟུང་འབྲེལ”གྱི་སྔོན་འགྲོའི་ཆ་རྐྱེན་ནི་ཕན་ཚུན་འཚམ་པ་དེ་རེད། མར་ཁེ་སི་རིང་ལུགས་དང་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཀྱི་འབྱུང་ཁུངས་མི་འདྲའང་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཁྲོད་གནམ་འོག་སྤྱི་ལ་དབང་བ་དང་། དམངས་ནི་རྒྱལ་ཁབ་ཀྱི་རྩ་བ་ཡིན་པ། སྤྱོད་བཟང་སྲིད་སྐྱོང་། རྙིང་དོར་གསར་འཛུགས། སྤྱོད་ཡོན་གཉིས་ལྡན་གྱི་མི་ཁོ་ན་བསྐོ་གཞག་བྱེད་པ། མི་དང་རང་བྱུང་ཁམས་མཉམ་གནས། འབད་བརྩོན་ལྷོད་མེད། སྤྱོད་བཟང་ཐེག་ཆེ། ཡིད་རྟོན་དང་མཛའ་མཐུན་དོན་གཉེར། མཚེས་མཐུན་འགྲོགས་འདྲིས་སོགས་འདུས་པ་དེ་དག་ཚན་རིག་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བའི་འདོད་ཚུལ་དང་ཚད་མཐོའི་གཅིག་མཐུན་རང་བཞིན་ལྡན་ཡོད། ཕན་ཚུན་མཐུན་ན་གཞི་ནས་ཟུང་འབྲེལ་དམ་ཟབ་བྱེད་ཐུབ། ངོས་འཛིན་གཏིང་ཟབ་བྱེད་དགོས་པ་ཞིག་ལ། “ཟུང་འབྲེལ”གྱི་འབྲས་བུ་ནི་ཕན་ཚུན་གྲུབ་འབྲས་ཐོབ་པ་བྱ་རྒྱུ་དེ་རེད། “ཟུང་འབྲེལ”ནི་སྡེར་སྒྲིག་དང་སྟབས་བདེའི་དངོས་ཁམས་ཀྱི་འགྱུར་འབྱུང་ཞིག་མིན་པར། རྫས་འགྱུར་གྱི་འགྱུར་འབྱུང་ཟབ་མོ་ཞིག་ཡིན་པ་དེས་གཅིག་གྱུར་དམ་ཟབ་ཀྱི་རིག་གནས་ཀྱི་ཚེ་སྲོག་འདུས་གྲུབ་གསར་པ་ཞིག་བཏོད་ནས། མར་ཁེ་སི་རིང་ལུགས་ཀྲུང་གོར་གྱུར་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དེང་རབས་ཀྱི་རིག་གནས་སུ་གྱུར་པ། “ཟུང་འབྲེལ”བྱས་ནས་གྲུབ་པའི་རིག་གནས་གསར་པ་ཀྲུང་གོའི་ལུགས་ཀྱི་རིག་གནས་ཀྱི་རྣམ་པ་ཞིག་ཏུ་གྱུར་པ་བཅས་བྱུང་ཡོད། ངོས་འཛིན་གཏིང་ཟབ་བྱེད་དགོས་པ་ཞིག་ལ། “ཟུང་འབྲེལ”གྱིས་བགྲོད་ལམ་གྱི་རྨང་གཞི་བརྟན་པོ་བཏིང་ཡོད། ཟིལ་རླབས་དགུང་འཕྱུར་གྱི་ཀྲུང་ཧྭའི་ལོ་ངོ་ལྔ་སྟོང་ལྷག་ཙམ་གྱི་ཤེས་དཔལ་ལོ་རྒྱུས་ལ་གཞི་ཚུགས་ཚེ་གཞི་ནས་ཀྲུང་གོའི་བགྲོད་ལམ་གྱི་ལོ་རྒྱུས་འབྱུང་ངེས་དང་། རིག་གནས་ཀྱི་ནང་དོན་དང་དམིགས་བསལ་གྱི་ལེགས་ཆ་ངོས་འཛིན་བྱེད་ཐུབ། “ཟུང་འབྲེལ”ལས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ལ་སྔར་བས་རྒྱ་ཆེ་ཞིང་གཏིང་ཟབ་པའི་ལོ་རྒྱུས་ལྡན་པ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་གྱི་རིག་གནས་རྨང་གཞི་བརྟན་དུ་བཏང་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཀྲུང་ཧྭའི་ཤེས་དཔལ་ལ་དེང་རབས་ཀྱི་སྟོབས་ཤུགས་སྦྱིན་པ་དང་ཀྲུང་ཧྭའི་ཤེས་དཔལ་གྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་རྨང་གཞི་ཟབ་མོ་བཏིང་ཡོད།
ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཀྲུང་གོའི་འདྲི་བ་དང་། འཛམ་གླིང་གི་འདྲི་བ། མི་དམངས་ཀྱི་འདྲི་བ། དུས་རབས་ཀྱི་འདྲི་བ་བཅས་ལ་ཚན་རིག་དང་མཐུན་པའི་ལན་བཏབ་པ་དང་། དེ་ནི་དེང་རབས་ཀྱི་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་དུས་རབས་ཉེར་གཅིག་པའི་མར་ཁེ་སི་རིང་ལུགས་ཡིན་ལ། ཀྲུང་ཧྭའི་རིག་གནས་དང་ཀྲུང་གོའི་སྙིང་སྟོབས་ཀྱི་དུས་རབས་ཀྱི་སྙིང་བཅུད་ཀྱང་ཡིན་ཞིང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་འཕུར་མཆོང་གསར་པ་མངོན་འགྱུར་བྱུང་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་དོན་དངོས་དང་ཟུང་འབྲེལ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་དང་། ལོ་རྒྱུས་ཀྱི་གདེང་ཚོད་དང་རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ། གནའ་བཟང་དེང་སྤྱོད་དང་རྙིང་དོར་གསར་ལེན་མཐའ་འཁྱོངས་བཅས་བྱས་ཏེ། མར་ཁེ་སི་རིང་ལུགས་ཀྱི་བསམ་བློའི་སྙིང་བཅུད་དེ་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་སྙིང་བཅུད་དང་ཟུང་དུ་འབྲེལ་བ་དང་། མི་དམངས་མང་ཚོགས་ཀྱིས་ཉིན་ལྟར་སྤྱོད་ཀྱང་མི་ཚོར་བའི་ཐུན་མོང་གི་རིན་ཐང་འདུ་ཤེས་དང་རྒྱུན་འཁོར་བྱས་ནས། ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་ཀྲུང་གོའི་ཁྱད་ཆོས་མངོན་གསལ་ལྡན་པ་དང་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་ལོ་རྒྱུས་རྨང་གཞི་དང་མང་ཚོགས་ཀྱི་རྨང་གཞི་བརྟན་དུ་བཏང་ཡོད།
ང་ཚོས་མར་ཁེ་སི་རིང་ལུགས་མཐའ་འཁྱོངས་དང་མར་ཁེ་སི་རིང་ལུགས་འཕེལ་རྒྱས་གཏོང་རྒྱུ་དེ་གཉིས་གཅིག་གྱུར་སྔར་བས་ལེགས་པར་བྱེད་པ་དང་། མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་བསམ་བློར་བརྟེན་ནས་དུས་རབས་གསར་པའི་ཀྲུང་གོའི་ལག་ལེན་ལ་མཛུབ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ། མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་ཞིབ་ཕྲའི་དོན་དངོས་དང་ཟུང་འབྲེལ་དང་། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱེད་པར་མུ་མཐུད་སྐུལ་འདེད་བཏང་ནས་མར་ཁེ་སི་རིང་ལུགས་ལ་ཀྲུང་གོའི་ཁྱད་ཆོས་དང་། ཀྲུང་གོའི་ཉམས་འགྱུར། ཀྲུང་གོའི་ཉམས་བཟང་བཅས་སྔར་ལས་མང་བ་མངོན་པ་དང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་ལེའུ་གསར་པ་མུ་མཐུད་བརྩམས་ཏེ་ཀྲུང་གོའི་ས་གཞི་ཆེ་མོར་མར་ཁེ་སི་རིང་ལུགས་ལ་སྔར་ལས་སྟོབས་ལྡན་དང་སྔར་ལས་གོ་སྐོན་བློ་འགུག་གི་ནུས་པ་ལྡན་པའི་བདེན་དོན་གྱི་སྟོབས་ཤུགས་མངོན་པར་བྱེད་དགོས།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་འབྱོར་བའི་གློག་འཕྲིན)