མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ། མི་རིགས་ཁག་དབར་གཅིག་སེམས་གཅིག་ལ་སྦྲེལ།
—— ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོས་ཕྱར་བ་གྲུ་འདེགས་ཀྱིས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་སྐྲུན་པའི་སྐོར་རགས་ཙམ་བཀོད་པ།
ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་སྣང་གྲོང་རྡལ་ཐོགས་མེད་གྲོང་ཚོའི་གྲོང་མི་བདེ་སྐྱིད་ཆོས་སྒྲོན་དང་བཟའ་ཟླ་ཐང་ཅན་ཧྭ་ཐོགས་མེད་གྲོང་ཚོ་ནས་ངོ་ཤེས་རྗེས་ཕན་ཚུན་དགའ་གྲོགས་བསྒྲིགས་པ་མ་ཟད། ལས་འགྲོའི་མདུད་པའང་ཐེབས། སྐད་བརྡ་མི་འཕྲོད་པ་དང་འཚོ་བའི་གོམས་གཤིས་མི་འདྲ་ནའང་ཁོང་གཉིས་ཀྱི་ལས་དབང་ལ་བར་ཆདའཕྲད་མེད། གཉེན་སྒྲིག་བྱས་རྗེས་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་བསྟུན་མཁས། མཉམ་དུ་ཡར་རྒྱས་བཅས་བྱས་ཏེ་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་མི་སེམས་འགུལ་བའི་གཏམ་རྒྱུད་བརྩམས་ཡོད།
ཐང་ཅན་ཧྭ་དང་འདྲ་བར་ཀྲོའུ་ཅིན་མིང་བོད་དུ་ལས་ཀ་བྱེད་རིང་། སྤོ་བོ་རྫོང་ཡིད་འོང་ཤང་དགོན་གྲོང་གྲོང་ཚོའི་བུ་མོ་ཉི་མ་ལྷ་མོ་དང་དགའ་གྲོགས་བསྒྲིགས་ནས་གཉེན་སྒྲིག་བྱས་རྗེས། མཐར་ས་མཐོར་འཚོ་བ་སྐྱེལ་རྒྱུའི་གདམ་ག་བྱས། གཉེན་སྒྲིག་བྱས་རྗེས་ཁོང་གཉིས་འཆམ་མཐུན་མཉམ་གནས་ཀྱིས་འཚོ་བ་ཡག་ཏུ་གཏོང་ཆེད་སེམས་ཤུགས་གཅིག་ཏུ་སྒྲིལ་བཞིན་ཡོད། “མིག་སྔར། ང་ཚོས་ཞིང་ཁྱིམ་སྤྲོ་སྐྱིད་ཁང་དང་། སྐྲ་བཞར་ཁང་། ཁྱིམ་ཚང་མགྲོན་ཁང་བཅས་གཉེར་སྐྱོང་བྱེད་བཞིན་ཡོད་ལ། ཕྲུ་གུ་གཉིས་པོའང་བདེ་ཐང་ངང་འཚར་ལོངས་ཡོང་བཞིན་ཡོད་པ་མ་ཟད། ང་དང་མནའ་མའི་ནང་མི་ཚོའང་ཧ་ཅང་འཆམ་པོ་ཡོད”ཅེས་ཀྲོའུ་ཅིན་མིང་གིས་རང་ཉིད་ཀྱི་ད་ལྟའི་འཚོ་བར་བློ་ཡིད་ཚིམ་པོ་བྱེད་ཀྱི་ཡོད།
ཐང་ཅན་ཧྭ་དང་བདེ་སྐྱིད་ཆོས་སྒྲོན་བཟའ་ཚོ་དང་། ཀྲོའུ་ཅིན་མིང་དང་ཉི་མ་ལྷ་མོ་བཟའ་ཚོ་གཉིས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བའི་གཏམ་རྒྱུད་ནི་རང་ལྗོངས་ཀྱིས་དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་ཡག་པོ་སྒྲུབ་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བཏོད་པའི་བསྡུས་རིས་ཤིག་རེད།
“མིག་སྔར། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་ལམ་གསར་པར་སྐྱོད་འགོ་ཚུགས་པ་དང་། བོད་ཀྱི་འཕེལ་རྒྱས་ཀྱང་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་སླེབས་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་རྗེས་སུ་འབྲང་བ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དུ་བློ་བརྟན་འགྱུར་མེད་ངང་བསྐྱོད་ནས། ཕྱར་བ་གྲུ་འདེགས་ཀྱིས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ཚེ། ང་ཚོས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་དུས་བཀག་ལྟར་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཐུབ་ངེས་རེད” 2021ལོའི་ཟླ་7པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་མཛུབ་སྟོན་དང་བླང་བྱ་གལ་ཆེན་བཏོན་གནང་ནས། བོད་ཀྱིས་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་སྐུལ་འདེད་བཏང་བར་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཡོད།
《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་སྲོལ་ཡིག》ཁྱབ་བསྒྲགས་ལག་བསྟར་བྱས་པ་ནས་བོད་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག་བཀོད་སྒྲིག་བྱས་པའི“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་ནུས་ཤུགས་ཡོད་རྒུས་འཛུགས་གཏོད་བྱེད་དགོས་པའི”བརྗིད་ཆེའི་འཆར་འགོད་བར། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དེ་ཐོག་མཐའ་བར་གསུམ་དུ་མི་རིགས་ལས་དོན་གྱི་གཙོ་རྐང་དུ་བརྩིས་ནས། བོད་སྐྱོང་དང་། བོད་བརྟན། བོད་དར་བཅས་ཀྱི་བྱ་གཞག་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ་དུས་རབས་གསར་པའི་བོད་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་རྣམ་པ་གསར་པ་བཏོད་ཡོད།
དོན་དངོས་ཐོག་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ཁྱིམ་ཚང་ཆུང་ངུ་མང་པོར་རབ་ཏུ་བཞད་ཅིང་། མི་རིགས་མང་པོ་འདུས་སྡོད་ཁུལ་ཞིག་ཡིན་པའི་བོད་དུ་བོད་རིགས་དང་། རྒྱ་རིགས། ཧུད་རིགས། ལྷོ་པ་རིགས། མོན་པ་རིགས་སོགས་མི་རིགས་45ཡོད་ལ། བོད་རིགས་དང་གྲངས་ཉུང་མི་རིགས་གཞན་གྱི་མི་འབོར་གྱིས་91%ལྷག་ཙམ་བཟུང་ཡོད་པས། མི་རིགས་མཐུན་སྒྲིལ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ལྟ་བུ་རེད།
ཀན་སུའུ་ལུང་ནན་ནས་ཡིན་པའི་ཀྲང་ཧྲུའུ་ཧྥན་ལྷ་སར་ཚོང་བརྒྱབ་ནས་ལོ་20ལྷག་ཙམ་སོང་ཡོད། ལོ་20ལྷག་ཙམ་རིང་། ཀྲང་ཧྲུའུ་ཧྥན་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ར་མོ་ཆེ་སྡེ་ཁུལ་གྱི་བོད་བཟོའི་སྒོ་ར་ཆེན་པོ་ཞིག་ནང་སྡོད་ཀྱི་ཡོད། སྒོ་ར་ཆེན་པོའི་ནང་བོད་རིགས་དང་རྒྱ་རིགས་སམ་ཡང་ན་གྲངས་ཉུང་མི་རིགས་གཞན་གང་ཡིན་རུང་ཚང་མ་མཐུན་སྒྲིལ་མཛའ་བརྩེ་དང་ཞི་མཐུན་མཉམ་གནས་བྱེད་བཞིན་ཡོད།
ཉེ་བའི་ལོ་ཤས་རིང་། ལྗོངས་ཡོངས་ཀྱི་ས་གནས་ཁག་གིས་བརྡ་ཁྱབ་བྱང་བུ་དང་། སྤྱི་སྤྱོད་རླངས་འཁོར་བབས་ཚུགས། གྲོང་ཁུལ་གྱི་གྱང་ངོས་སོགས་དྲིལ་བསྒྲགས་ཐོན་ཁུངས་གང་ལེགས་སྤྱད་ནས། དྲིལ་བསྒྲགས་སྒྲོམ་བཟོ་བ་དང་དྲིལ་བསྒྲགས་སྦྱར་ཡིག་སྦྱོར་བ་སོགས་ཀྱི་བྱ་ཐབས་སྣ་ཚོགས་བརྒྱུད། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྲིད་ཇུས་དྲིལ་བསྒྲགས་བྱེད་ཤུགས་སྔར་བས་ཆེ་རུ་བཏང་བས། ལྗོངས་ཡོངས་སུ་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་རྣམ་པ་ཟབ་མོ་གང་ས་ནས་མཐོང་ཐུབ་པ་དང་། གང་ས་ནས་སྦྱོང་ཆོག་པ། གང་ས་ནས་མྱོང་རོལ་ཐུབ་པ་བཅས་བྱུང་ཡོད།
ད་ཆ་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བའི་འདུ་ཤེས་དེ་བས་མི་སེམས་སུ་གཏིང་ཟབ་ཟུག་ཡོད་ལ། སྤུན་ཟླའི་མཛའ་གྲོགས་དང་ཕན་ཚུན་རོགས་རེས་ཀྱི་དྲོ་སྐྱིད་ལྡན་པའི་བསྡུས་རིས་གངས་ལྗོངས་ས་མཐོའི་ས་ཕྱོགས་གང་སར་ཁྱབ་ཡོད།
ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་གཟིགས་སྐྱོང་འོག་བོད་ཀྱི་མི་རིགས་ཁག་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་ནས། བློ་གཅིག་སེམས་གཅིག་དང་། ཕན་ཚུན་རོགས་རེས། སེམས་ནུས་གཅིག་སྒྲིལ་བཅས་བྱས་ཏེ་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་སྐྲུན་བཞིན་མཆིས།