ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཀྱི“ལག་རྩལ་འདུས་ཚད”ཟམ་མི་ཆད་པར་མཐོ་རུ་ཕྱིན་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ནེ་རོ་པི་ནས་གློག་འཕྲིན་འབྱོར་གསལ། མིག་སྔར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ལ་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་པ་བྱུང་ནས་ཕྱོགས་གཉིས་པོའི་མཉམ་ལས་ཀྱི“ལག་རྩལ་འདུས་ཚད”ཟམ་མི་ཆད་པར་མཐོ་རུ་ཕྱིན་ཡོད། ཉེ་ཆར་ཧྭ་ཝུའེ་ཀུང་སི་དང་ཝུ་ཀན་ཏའི་འབྲེལ་ཡོད་ཀུང་སི་གཉིས་ཀྱིས་ཝུ་ཀན་ཏའི་རྒྱལ་ས་ཁམ་ཕ་ལར་རྒྱལ་ཁབ་དེའི་5Gགྲངས་འཛིན་ཨར་འདམ་བཟོ་གྲྭའི་རྣམ་གྲངས་དང་པོ་དེ་ཐུན་མོང་ཐོག་ཡོངས་བསྒྲགས་བྱས་པ་དང་། པོ་ཚི་ཝ་ན་དང་ཀྲུང་གོའི་ཁེ་ལས་དབར་མཉམ་འབྲེལ་ཐོག་རིག་ནུས་ཕ་ལམ་གཏེར་རིའི་རྣམ་གྲངས་ལ་སྐུལ་འདེད་གཏོང་རྒྱུ་ཁྱབ་བསྒྲགས་བྱས་པ། ཀྲུང་གོ་ཚ་ཁུལ་ཞིང་ལས་ཚན་རིག་ཁང་གི་ཕྱི་རྒྱལ་དུ་ཡོད་པའི་ཚན་རྩལ་ལྟེ་གནས་ཨང་དང་པོ་ཁོང་ཀོ(པུ)རུ་སྒོ་བྱང་བཀལ་བ་སོགས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཀྱི“ལག་རྩལ་འདུས་ཚད”ཆེ་རུ་ཕྱིན་ནས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཆུ་ཚད་དེ་བས་མཐོ་རུ་འགྲོ་རྒྱུར་རམ་འདེགས་བྱེད་བཞིན་ཡོད་པ་རེད།
ཀྲུང་གོའི་ལག་རྩལ་གྱིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དབུལ་པོ་ཉུང་གཏོང་དང་ཞིང་ཕན་མཉམ་ལས་ལ“སྒུལ་ནུས་གསར་པ”སྦྱིན་ཡོད། ཨ་ཧྥེ་རི་ཁ་སྐམ་ས་ཆེ་མོའི་ཤར་རྒྱུད་དུ་ཡོད་པའི་པུའུ་ལུང་ཏིར་ཆར་ཆུ་འབེལ་བས་ཆུ་འབྲས་འདེབས་འཛུགས་བྱ་རྒྱུར་འཚམ་པོ་ཡོད་མོད། འོན་ཀྱང་ས་གནས་དེ་གའི་ཆུ་འབྲས་ཀྱི་ཐོན་འབབ་མཐོ་པོ་མེད་པས་དུས་ཡུན་རིང་པོའི་ནང་འབྲུ་རིགས་དཀོན་པའི་དཀའ་ངལ་འཕྲད་ཡོད། ཀྲུང་གོས་2009ལོ་ནས་བཟུང་པུའུ་ལུང་ཏིར་རོགས་སྐྱོར་བྱེད་པའི་མཐོ་རིམ་ཞིང་ལས་རིགས་གཅིག་མཁས་ཅན་གྱི་ལག་རྩལ་མཉམ་ལས་རྣམ་གྲངས་ལག་ལེན་བསྟར་ཞིང་། ལོ་མང་རིང་ཀྲུང་གོའི་རིགས་གཅིག་མཁས་ཅན་ཚོགས་ཆུང་པུའུ་ལུང་ཏིའི་ཆུ་འབྲས་འདེབས་འཛུགས་ཞིང་ཆེན་15ཡི་ཞིང་ནང་དང་མུ་ཁར་བསྐྱོད་དེ་ས་གནས་དེ་གར་འཚམ་པའི་ཆུ་འབྲས་སྣ་ཁ་8གྲུབ་འབྲས་ཐོབ་པའི་ངང་བདམས་ནས་ནང་འདྲེན་བྱས་པར་བརྟེན་ས་གནས་དེ་གའི་རི་ཁུལ་དུ་རྒྱུན་དུ་འབྲས་ཀྱི་ཚ་ནད་དབང་གིས་ཐོན་འབབ་ཆག་པ་དང་ཐ་ན་ཐོན་འབབ་གཏན་ནས་མེད་པའི་ལོ་རྒྱུས་རང་བཞིན་གྱི་དཀའ་གནད་བསལ་བ་རེད། “ཀྲུང་གོས་ཞིང་ལས་ལག་རྩལ་ལ་བརྟེན་ནས་གནད་སྨིན་དབུལ་སྐྱོར་ལ་རམ་འདེགས་བྱེད་པ་དེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ངོས་ནས་བརྗོད་ན་དགེ་མཚན་ལྡན་པའི་བློ་སྒོ་འབྱེད་པ་ཞིག་རེད”ཅེས་ཁེན་ནི་ཡའི་རྒྱལ་སྤྱིའི་གནད་དོན་གྱི་རིགས་གཅིག་མཁས་ཅན་ཁ་ཝུན་སི·ཨ་ཏེ་ཤིར་གྱིས་བཤད།
ཀྲུང་གོའི་ལག་རྩལ་གྱིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ནུས་པ་འཛུགས་སྐྱོང་གི་མཉམ་ལས་ལ“སྟོབས་ཤུགས་གསར་པ”བསྣན་ཞིང་། དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཁྲོད་དུ་ཤེས་ལྡན་མི་སྣའི་གལ་ཆེའི་རང་བཞིན་ནི་སྨོས་མི་དགོས་པ་ཞིག་རེད། སྔར་ནས་བཟུང་ཨ་ཧྥེ་རི་ཁའི་ལས་རིགས་སློབ་གསོའི་རྨང་གཞི་ཞན་པ་དང་། མ་དངུལ་མི་འདང་བ། རྩལ་ནུས་གསོ་སྦྱོང་རྗེས་ལུས་ཡིན་པ་བཅས་ཀྱི་ཁར་མཉེན་ཆས་དང་མཁྲེགས་ཆས་ཚང་མ་མཐོ་རུ་ཤུགས་ཆེན་གཏོང་དགོས་ཀྱི་ཡོད། 2019ལོའི་ཟླ་3པར་ཨ་ཧྥེ་རི་ཁའི་ལུའུ་པན་བཟོ་ཁང་དང་པོ་དེ་ཅི་པུའུ་ཐིར་དངོས་སུ་བཙུགས་པ་དང་། ཀྲུང་གོས་ཨ་ཧྥེ་རི་ཁར་ལུའུ་པན་བཟོ་ཁང་བཅུ་ལྷག་ཙམ་བསྐྲུན་ནས“ཉ་འཛིན་སྟངས་སློབ་པའི”སྙིང་སྟོབས་མཐའ་འཁྱོངས་བྱས་ཏེ་ཨ་ཧྥེ་རི་ཁའི་ལས་རིགས་སློབ་གསོའི་འཕེལ་རྒྱས་དང་གསར་གཏོད་ལ་སྐུལ་འདེད་བཏང་བར་གདེང་འཇོག་བཟང་པོ་ཐོབ་པ་རེད། ཀྲུང་གོས་དུས་ཡུན་རིང་པོའི་ནང་ཨ་ཧྥེ་རི་ཁའི་སློབ་གསོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱབ་སྐྱོར་དང་། སློབ་གསོ་གསོ་སྦྱོང་ལ་གོ་སྐབས་མཁོ་འདོན། རིགས་ཁག་ལ་སྤྱོད་གོ་ཆོད་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་རང་བརྟེན་འཕེལ་རྒྱས་ནུས་པ་ཆེ་རུ་ནུས་ལྡན་གཏོང་བ་བཅས་བྱས་ནས་ས་གནས་དེ་གའི་སྤྱི་ཚོགས་བརྟན་ལྷིང་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན་ཡོད་པ་རེད།
ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཀྱི“ལག་རྩལ་འདུས་ཚད”ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་དེ་ནི་ཀྲུང་གོས་ཨ་ཧྥེ་རི་ཁར་ཟོལ་མེད་བརྩེ་སེམས་བཅངས་ནས་སྲིད་ཇུས་ཀྱི་འདུ་ཤེས་དང་ཡང་དག་པའི་འོས་འགན་དང་ཁེ་ཕན་གྱི་ལྟ་བ་ལག་ལེན་ཏན་ཏིག་བསྟར་བའི་མཚོན་ཚུལ་ངོ་མ་ཞིག་རེད། ཉེ་བའི་ལོ་ཤས་རིང“མཉམ་ལས་འཆར་གཞི་ཆེན་པོ་བཅུ”ནས“བྱ་སྤྱོད་ཆེན་པོ་བརྒྱད”བར་དང་། དེ་ནས“འདུ་འགོད་དགུའི”བར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་དུས་བསྟུན་མདུན་སྐྱོད་བྱུང་ནས་ཁྱབ་ཁོངས་ཁག་གི་མཉམ་ལས་དེ་གསར་དར་ལག་རྩལ་བྱེད་ཐབས་སྣ་ཚོགས་ཀྱི་ནུས་པའི་འོག་ཟམ་མི་ཆད་པར་ཟབ་སྤེལ་དང་རྒྱ་སྐྱེད་འགྲོ་བཞིན་ཡོད། འབྱུང་འགྱུར་ལ་ཁ་ཕྱོགས་སྐབས་ཀྲུང་གོ་དང་ཨ་ཧྥེ་རི་ཁས་ཁྱབ་ཁོངས་ཁག་གི་མཉམ་ལས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་བཏང་སྟེ“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་ཨ་ཧྥེ་རི་ཁའི་འཕེལ་རྒྱས་འཐབ་ཇུས་ཀྱི་འབྲེལ་མཐུད་ལ་སྔར་བས་སྐུལ་འདེད་བཏང་སྟེ་ཐུན་མོང་ཐོག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཚེ། གྲུབ་འབྲས་དེ་བས་མང་བ་ཐོབ་ངེས་དང་ཨ་ཧྥེ་རི་ཁའི་མི་དམངས་དེ་བས་མང་བར་ཕན་པ་ཐོབ་ངེས་རེད།