དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་ལྗོངས་ཀྱི་འཕེལ་སྒྱུར་ཁོངས་གཏོགས་ཀྱིས་སྤྱོད་ཚུལ་འཛུགས་སྐྱོང་ལ་དུས་རྒྱུན་ནས་དམ་འཛིན་དང་། རྒྱུན་གཏན་དང་མཉམ་འདྲེས། རྒྱུན་དུ་ལག་བསྟར་བཅས་བྱས་ཏེ།

    བྱ་ཐབས་ནན་པོར་བརྟེན་ནས་ལས་དོན་དོན་འཁྱོལ་དངོས་འབྲེལ་ཡོང་བར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-06

    འདི་ནི་སྐྲུན་བཞིན་པའི་བོད་རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་རིམ་གཉིས་ཀྱི་འབྲུ་རིགས་དང་འཕྲལ་སྡོམ་དངོས་ཟོག་གྲབས་གསོག་ལྟེ་གནས་འཛུགས་སྐྲུན་གྱི་རྣམ་གྲངས་ཡིན་པ།

    རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་ཏང་ཀྲི་པུའུ་དང་པོ་དང་ལྔ་པས་མེ་ཏོག་རྫོང་མེ་ཏོག་གྲོང་ཚོར་ཏང་ཀྲི་པུའི་ཆ་སྒྲིག་མཉམ་སྐྲུན་གྱི་བྱེད་སྒོ་སྤེལ་རྗེས་དཀའ་ངལ་ཡོད་པའི་དུད་ཚང་4ལ་ཆེད་མངགས་འཚམས་འདྲི་བྱེད་པར་བསྐྱོད་པའི་ཁྲོད་བློ་བཟང་གི་ཁྱིམ་ཚང་ཡང་ཚུད་ཡོད།

    “ན་ནིང་བགོ་འགྲེམས་ག་ཚོད་འདུག” “འཚོ་བར་ད་དུང་དཀའ་ངལ་ག་རེ་འདུག” “ཕྲུ་གུའི་སློབ་སྦྱོང་གང་འདྲ་འདུག”ཅེས་པ་སོགས་སེམས་ཁུར་བྱེད་པའི་དྲི་བ་དང་སྙིང་ཉེ་བའི་སྐད་ཆའི་ཁྲོད་ཁང་པའི་ནང་ནས་དགོད་སྒྲ་བར་མེད་དུ་གྲགས་འོངས་ཏེ་རྒྱ་ཆེ་ལ་དཀར་ཆ་དོད་པའི་བོད་ཁྱིམ་སྒོ་ར་ཅན་དེ་ལ་སྐྱེ་སྟོབས་ཀྱི་གསོན་ཤུགས་གསར་པ་ཞིག་རྒྱས།

    དཀའ་ངལ་ཡོད་པའི་མང་ཚོགས་ལ་འཚམས་འདྲི་བྱེད་པ་དེ་ཏང་འཛུགས་སྐྱོང་བྱེད་སྒོའི་ནང་འཇུག་པ་ནི་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱིས“སྤྱོད་ཚུལ་འཛུགས་སྐྱོང་ལ་བརྟེན་ནས་ཏང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི”“རང་འདེམས་བྱ་སྤྱོད”ཀྱི་གྲས་ཤིག་རེད། 2023ལོའི་ལས་ཀའི་ཉིན་དང་པོར་ལྗོངས་ཏང་ཨུད་ཀྱིས་སྤྱོད་ཚུལ་སྔར་བས་ལེགས་སུ་བཏང་ནས་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་འཚོགས་ཏེ་སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་ནན་པོ་དང་རྒྱུན་གཏན་དང་ཕུགས་ཕན་གྱི་ལམ་སྲོལ་ལ་འགྱུར་བར་སྐུལ་འདེད་བཏང་བས། རང་ལྗོངས་ཀྱི་འཕེལ་སྒྱུར་ཁོངས་གཏོགས་ཀྱིས་འཕྲལ་དུ་བརྡ་ལན་ཞུས་ཏེ་བཀོད་སྒྲིག་ཞིབ་ཚགས་བྱས་ནས་སྤྱོད་ཚུལ་འཛུགས་སྐྱོང་ལ་དུས་རྒྱུན་ནས་དམ་འཛིན་དང་། རྒྱུན་གཏན་དང་མཉམ་འདྲེས། རྒྱུན་དུ་ལག་བསྟར་བཅས་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་འགན་འཁྲི་འཁུར་སེམས་གསར་པ་དང་བྱས་རྗེས་འཇོག་སེམས་གསར་པ་མངོན་པར་བྱས་ཡོད།

    ལྟ་སྐུལ་མཛུབ་ཁྲིད་ནན་པོ་མཐའ་འཁྱོངས་བྱས་ཏེ་ས་ཁུལ་ཁག་གི་རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་ལྷོད་མེད་བྱས་པ།

    འདི་ལོ་ནི་མ་དངུལ་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལོ་ཞིག་རེད། ལྗོངས་ཡོངས་ཀྱི་རྣམ་གྲངས་འཛུགས་སྐྲུན་ལ་སྤྱི་འདོམས་བྱེད་མཁན་འགག་རྩའི་སྡེ་ཚན་ཞིག་ཡིན་པའི་ངོས་ནས་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱིས་ཐོག་མཐའ་བར་གསུམ་དུ་རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་ལྷོད་མེད་བྱེད་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ཡོད།

    ལོ་འགོ་ཚུན་དུ་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱིས་2023ལོའི་ལོ་འཁོར་གྱི་དམིགས་ཚད་ལས་འགན་ཁག་བགོས་བྱས་ནས“ལས་འགན་ཚན་པ་དང་། དུས་ཚོད་དང་མཚམས་ཚིག ཞིབ་ཕྲའི་འགན་འཁུར་བ་བཅས་ཁ་གསལ་བཟོ་དགོས་པའི”བླང་བྱ་གཞིར་བཟུང《གཙོ་གནད་ལས་འགན་ཁག་བགོས་ཀྱི་ཇུས་གཞི》བཟོས་ཏེ་ལས་ཀའི་རྩིས་ཐོའི་རྣམ་པའི་ཐོག་ནས་གཙོ་གནད་ལས་དོན་ཁག་30སྔར་བས་ཞིབ་ཕྲ་བཟོས་པ་དང་ཕྱོགས་65ནས་ཞིབ་ཕྲའི་བྱ་ཐབས་ཁག་282བཏོན་ཡོད།

    མི་རིང་བའི་གོང་སྨྱན་སྦྱོར་ཐོག་མཚོ་བོད་ལྕགས་ལམ་གྱི་སྤུས་ཚད་ལེགས་སུ་གཏོང་བ་དང་ཕན་འབྲས་ཆེ་རུ་གཏོང་བའི་དུས་མཚམས་གསར་པར་སླེབས་པས། འདི་ལོ་ཆ་ཚང་རིམ་སྤོར་ལེགས་བཅོས་ཐུབ་བཟོ་ཡོད་པའི་སྐོར་གྱི་གནས་ཚུལ་གཏོང་སྤེལ་བྱས་པར། དྲ་གྲོགས་མང་པོ་ཞིག་གིས“མྱུར་བགྲོད་མེ་འཁོར་དུ་བསྡད་ནས་ལྷ་སར་འགྲོ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད”ཅེས་འཕྲིན་ལན་བཞག་ཡོད་པ་རེད།

    2022ལོར་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱིས་མཚོ་བོད་ལྕགས་ལམ(བོད་ལྗོངས་དུམ་བུའི)གློག་རླངས་ཅན་གྱི་སྒྱུར་བཀོད་རྣམ་གྲངས་ཀྱི་2022ལོའི་ལོ་འཁོར་གྱི《ལས་དོན་གཙོ་གནད》དང《ལས་དོན་གྱི་རྩིས་ཁྲ》བཀྲམ་སྟེ་དུས་ཐོག་ཏུ་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། མཚོ་སྔོན་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན། རྒྱལ་ཁབ་ལྕགས་ལམ་ཚོགས་པ་བཅས་དང་སྦྲེལ་མཐུད་བྱས་ནས་གློག་ཤུགས་འགན་ལེན་དང་རྣམ་གྲངས་ལ་ཞིབ་མཆན་འགོད་པ་སོགས་དུས་འགོའི་ཡན་ལག་རྣམ་གྲངས་ཐད་ངོས་འཛིན་གཅིག་གྱུར་བྱུང་ཡོད། འོན་ཀྱང་རིམས་ནད་སོགས་རྒྱུ་རྐྱེན་དབང་གིས་ལས་དུས་འགོར་དུ་ཕྱིན་ཡོད།

    “མཚོ་བོད་ལྕགས་ལམ(བོད་ལྗོངས་དུམ་བུ)གློག་རླངས་ཅན་གྱི་སྒྱུར་བཀོད་ནི་བརྒྱུད་རིམ་ལྡན་པའི་འདུ་འགོད་ཅིག་ཡིན་པས་འཕྲལ་མར་སྒྲུབ་པ་དང་དངོས་འཛིན་དངོས་སྒྲུབ་ཀྱི་སྤྱོད་ཚུལ་དར་སྤེལ་བཏང་སྟེ་མཐུན་སྦྱོར་འབྲེལ་གཏུག་དང་། ཞབས་ཞུ་འགན་ལེན། དུས་བཀག་བཀོད་སྒྲིག རྗེས་སྙེག་སྒྲུབ་གཉེར་སོགས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ལས་དོན་ཁག་ལ་དམ་འཛིན་ནན་པོ་དང་ཕན་འབྲས་ཐོན་པར་དམ་འཛིན་ཏན་ཏིག་བྱེད་དགོས”འདི་ལོའི་ཟླ་2ཚེས་8ཉིན་འཚོགས་པའི་མཚོ་བོད་ལྕགས་ལམ(བོད་ལྗོངས་དུམ་བུ)གློག་རླངས་ཅན་སྒྱུར་བཀོད་རྣམ་གྲངས་ཀྱི་2023ལོའི་ཆེད་དོན་ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་དང་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀུང་སི་དང་རྒྱལ་ཁབ་ལྕགས་ལམ་ཚོགས་པ་སོགས་འགན་འཁྲི་གཙོ་བོ་འཁུར་མཁན་ཚན་པའི་དབར་ངོས་འཛིན་གཅིག་མཐུན་བྱུང་ནས་རྣམ་གྲངས་ཞིབ་འཇུག་དང་། ཞིབ་མཆན་འགོད་པ། རྣམ་གྲངས་འཛུགས་སྐྲུན་སོགས་འགན་གཙང་འགན་ལེན་གྱི་ལས་འགན་ཁག་ལ་སྤྱི་འདོམས་སྐུལ་འདེད་བཏང་ཡོད།

    “ཟླ་4པའི་ཟླ་མཇུག་བར་མཚོ་བོད་ལྕགས་ལམ་གོར་མོ་ནས་ལྷ་ས་བར་གྱི་དུམ་བུའི་ལྕགས་ལམ་ཁ་སྒྱུར་སྒྲིག་ཆས་བརྗེ་པོ་རྒྱག་པ་དང་བརྡ་རྟགས་མ་ལག་སྒྱུར་བཀོད་ལས་གྲྭར་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་5.1བཏང་བ་དང་ལས་གྲྭ་འཛུགས་སྐྲུན་གྱི་ལས་འགན་གཞི་རྩའི་ཆ་ནས་ལེགས་སྒྲུབ་ཟིན་ཡོད། ཕྱི་རོལ་གློག་གི་ལས་གྲྭའི་སྤྱིའི་ཇུས་གཞི་ཞིབ་འཇུག་ཀྱང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་ལ་ཕུལ་ཟིན་ཏེ་འཕེལ་རིམ་མངོན་གསལ་དོད་པོས་མགྱོགས་སུ་བཏང་ཡོད”ཅེས་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་ལྕགས་ལམ་མཁའ་འགྲུལ་ཁྲུའི་ཁྲུའུ་ཀྲང་ལུའོ་ཧན་གྱིས་བཤད།

    ཆེད་དོན་ཚན་ཁག་གི་ཞབས་ཞུར་ཤུགས་སྣོན་བརྒྱབ་ནས་ཚོང་འགུགས་མ་འདྲེན་དོན་འཁྱོལ་ལ་སྐུལ་འདེད་བཏང་བ།

    ཚོང་འགུགས་མ་འདྲེན་ནི་དཔལ་འབྱོར་གྱི་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཡིན་ལ། ཐོན་ལས་ཀྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་གི་འབྱུང་རྩ་ཞིག་ཀྱང་རེད། འོན་ཀྱང་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་རོགས་རམ་བྱེད་པའི་རྣམ་གྲངས་ཡག་པོ་ཞིག་ནང་འདྲེན་ཐུབ་རྗེས་ལས་སླ་པོར་དོན་འཁྱོལ་མ་ཐུབ་པའི་རྒྱུ་མཚན་གང་ཡིན་ནམ། ཡང་སྙིང་ལྷུ་ཚིགས་གང་འདྲ་ཞིག་ལ་གནད་དོན་ཐོན་ཡོད་དམ། དེའི་སྐོར་ལོ་འགའི་གོང་ནས་གླེང་དགོས།

    2018ལོའི་ཟླ་དྲུག་པར་ལྷ་ས་གྲོང་ཁྱེར་དང་པའོ་ལི་ཅིའུ་ལེན་ཚོགས་པའི་དབར་ངོས་འཛིན་གཅིག་མཐུན་བྱུང་ནས་དམངས་སྤྱོད་རྫས་མདེལ་ཐོན་སྐྱེད་ལས་རིགས་སུ་ཕྱོགས་ཡོངས་ཀྱི་མཉམ་ལས་བྱ་རྩིས་བྱས། 2019ལོའི་ཟླ་བཞི་པར་རང་སྐྱོང་ལྗོངས་ལས་རིགས་གཙོ་འགན་དོ་དམ་སྡེ་ཚན་གྱི་མོས་མཐུན་ཐོབ་པ་བརྒྱུད། པའོ་ལི་ཅིའུ་ལེན་ཚོགས་པའི་གཤམ་འོག་ཀུང་སི་ཀུའེ་ཀྲོའུ་ཅིའུ་ལེན་དམངས་སྤྱོད་རྫས་མདེལ་ཀུང་སི་དང་། བོད་ལྗོངས་ཧྲེང་ཧང་འཛུགས་སྐྲུན་རྒྱུ་ཆ་ཀུང་སི། བོད་ལྗོངས་མཐོ་བརྩོན་དམངས་སྤྱོད་རྫས་མདེལ་ཀུང་སི་བཅས་ཀྱིས་མཉམ་དུ་མ་དངུལ་བཏང་ནས་ཀུང་སི་བཙུགས་ཏེ་ལོ་རེར་བསྲེས་སྦྱོར་རྫས་མདེལ་ཏུན་12000ཐོན་སྐྱེད་བྱས། 2020ལོའི་ཟླ་3པར་བཟོ་འཕྲིན་པུས་དམངས་སྤྱོད་རྫས་མདེལ་གྱི་ཐོན་སྐྱེད་ཆོག་འཐུས་ལག་ཁྱེར་སྤྲད་རྗེས་པའོ་ལི་ཅིའུ་ལེན་ཚོགས་པས་བསྲེས་སྦྱོར་རྫས་མདེལ་ཏུན་12000(ཐུམ་སྒྲིལ)ཡི་ཐོན་ནུས་ལྷ་ས་གྲོང་ཁྱེར་དུ་སྤོ་སྒྱུར་བྱས།

    རིམ་པ་རེ་རེ་བཞིན་ཞིབ་མཆན་བཀོད་ནས་ཆོག་མཆན་རག་པས་ལས་དོན་ལམ་ལྷོངས་བྱུང་ཡོད་ཅེས་ཟེར་ཆོག་ཀྱང་། མཐའ་མཇུག་གི་ལྷུ་ཚིགས་རྣམ་གྲངས་ཀྱི་ས་ཆ་འདེམས་པར་འགག་ཡོད།

    “མཐུན་སྦྱོར་ཐེངས་མང་བྱས་ཀྱང་དོན་དག་མ་གྲུབ་པས་སེམས་ཤུགས་ཉམས་སོང”ཞེས་ཀུང་སིའི་འགན་འཁུར་བས་དེ་སྔའི་རྣམ་གྲངས་མཉམ་ལས་བྱེད་མཁན་དང་གྲོས་མོལ་ཧུར་ཐག་བྱས་ཀྱང་ཕན་འབྲས་མ་ཐོན་སྟབས་ལས་ཀ་དེ་མཚམས་མ་བཞག་ཀ་མེད་བྱུང་ཡོད། ཕྱིས་སུ་རིམས་ནད་ཐོན་པས་དེ་བས་ཀྱང་ཁ་ཡ་བྱེད་མཁན་བྱུང་མེད་པ་རེད།

    2022ལོའི་ལོ་མཇུག་ཏུ་རིམས་ནད་ཀྱི་གནས་ཚུལ་ལེགས་སུ་ཕྱིན་མ་ཐག་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱིས་མཐུན་སྦྱོར་བྱས་པ་སྟེ། རང་བྱུང་ཐོན་ཁུངས་དང་། དཔལ་འབྱོར་དང་ཆ་འཕྲིན། ཁོར་ཡུག་སྲུང་སྐྱོང་སོགས་སྡེ་ཚན་དང་ལྷ་ས་གྲོང་ཁྱེར་སྲིད་གཞུང་སོགས་ཀྱི་ཚན་པ་སྒྲིག་འཛུགས་བྱས་ཏེ་དུས་ཐོག་ཏུ་རྣམ་གྲངས་དོན་འཁྱོལ་དང་འཛུགས་སྐྲུན་མཐུན་སྦྱོར་ཚོགས་འདུ་འཚོགས་པ་དང་། པའོ་ལི་ཅིའུ་ལེན་རྣམ་གྲངས་ཀྱི་ཞབས་ཞུའི་ཆེད་དོན་ཚན་ཁག་བཙུགས་ནས་དཀའ་གནད་ཚང་མ་བཏོན་པ་དང་རང་སར་ཐག་གཅོད་བྱས་ཏེ་རྣམ་གྲངས་གང་མགྱོགས་ལས་འགོ་འཛུགས་རྒྱུར་སྐུལ་འདེད་བཏང་བ་རེད།

    དུས་ཐུང་ཟླ་གཅིག་ལྷག་ཙམ་རིང་གནད་དོན་ཚང་མ་གསེད་བཀྲོལ་ཐུབ་པ་དང་མི་རིང་བར་ཐོན་སྐྱེད་བརྒྱུད་རིམ་གྱི་ལས་ཡུལ་དུ་ཨར་འདམ་ལམ་ཐོག་མ་དེ་བཏིང་བ་དང་དེ་རྗེས་བཟོ་ཁང་བརྒྱབ་པ་སོགས་བྱས་པ་རེད།

    བོད་ཀྱི་ཚོང་ཚོགས་ཤིག་གི་འགན་འཁུར་བ་སྐུ་ཞབས་ཧུའུ་ལགས་ཀྱིས་ལྗོངས་ཡོངས་ཀྱི་རིམ་ཁག་འཕེལ་སྒྱུར་ཨུ་ལྷན་གྱིས་ཆེད་དོན་ཚན་ཁག་བཙུགས་ནས་བྱ་བ་དངོས་བསྒྲུབས་པ་མང་པོ་མཐོང་རྒྱུ་ཡོད་པ་དང་ཕྱི་ཕྱོགས་མ་དངུལ་ནང་འདྲེན་བྱེད་པའི་ཐད་འབད་བརྩོན་ཆེན་པོ་བྱས་པར་ཕན་འབྲས་དངོས་ཐོན་ནས་བོད་དུ་ཁེ་ལས་དེ་བས་མང་བ་བཅའ་སྡོད་བྱེད་པར་ཚོང་གཉེར་གྱི་ཁོར་ཡུག་བཟང་པོ་ཞིག་བཏོད་ཡོད་ཅེས་བཤད།

    འདི་ལོའི་ཟླ་2པ་ནས་ཟླ་3པའི་བར། རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་ཚོང་འགུགས་མ་འདྲེན་ཅུས་ཀྱིས་རིམ་རྩིས་བྱས་ན་རྣམ་གྲངས་ཁག་49ལ་གན་རྒྱ་བཞག་པ་དང་གྲོས་མཐུན་མ་དངུལ་སྒོར་དུང་ཕྱུར་250.43ཟིན་པ་དང་། དུས་ཚིགས་དང་པོར་ཚོང་འགུགས་མ་འདྲེན་གྱི་མ་དངུལ་སྒོར་དུང་ཕྱུར་28.15དོན་འཁྱོལ་བྱས་པ། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་16.82བཏང་ཡོད།

    “གོམ་སྟབས་རྗེས་མར་ང་ཚོས་ཚོང་འགུགས་མ་འདྲེན་གྱི་ལས་དོན་ལ་ཕན་འབྲས་དངོས་ཐོན་པར་དམ་འཛིན་ནན་པོ་བྱེད་པའི་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་སྟེ། བོད་ཀྱི་འཕེལ་རྒྱས་དང་འཚམ་པའི་ཐོན་ལས་དང་། རྣམ་གྲངས། མ་དངུལ། ལག་རྩལ་བཅས་ནང་འདྲེན་བྱེད་པ་དང་། ནུས་ལྡན་མ་འཇོག་བྱེད་རྒྱ་ཆེ་རུ་གཏོང་བ། ཞབས་ཞུ་འགན་ལེན་ཡག་པོ་བཅས་བྱས་ནས‘ཚོང་འགུགས་མ་འདྲེན་གྱི་མ་དངུལ་སྒོར་དུང་ཕྱུར་500ཡན་དམིགས་སར་འབྱོར་བའི’དམིགས་ཚད་ལེགས་སྒྲུབ་ཐུབ་པར་བྱེད་ཀྱི་ཡིན”ཞེས་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཚོང་འགུགས་མ་འདྲེན་ཅུས་ཀྱི་ཅུས་ཀྲང་ཝང་ཡིའུ་ཧྭ་ཡིས་བཤད།

    འཛད་སྤྱོད་དར་སྤེལ་ལ་སྐུལ་འདེད་བཏང་ནས་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་མཐོ་རུ་བཏང་བ།

    ལས་བྱེད་པ་དང་མང་ཚོགས་ཀྱི་འགྲོ་སྐྱོད་ཐབས་ལམ་ལེགས་སུ་དང་འགྲོ་སྐྱོད་མ་གནས་དམའ་རུ་གཏོང་ཆེད། རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱིས་2019ལོའི་ལོ་མཇུག་ནས་བཟུང་དམངས་སྤྱོད་མཁའ་འགྲུལ་ཀུང་སིའི་འགྲུལ་པའི་སྤ་སེའི་རིན་གོང་གི་གཟིགས་སྐྱོང་སྲིད་ཇུས་ཚོད་ལྟའི་ལག་བསྟར་བྱེད་འགོ་བཙུགས་པ་རེད། བསྡོམས་རྩིས་བྱས་པར་གཞིགས་ན། 2022ལོའི་ལོ་མཇུག་བར་ལྗོངས་ཡོངས་སུ་ལས་བྱེད་པ་དང་མང་ཚོགས་ཁྲི་30ལྷག་ཙམ་གྱིས་སྲིད་ཇུས་དེ་ལོངས་སྤྱོད་ཐུབ་པ་དང་རིམ་རྩིས་བྱས་ན་སྤ་སེ་ཉོ་བའི་འགྲོ་གྲོན་སྒོར་དུང་ཕྱུར་3ལྷག་ཙམ་ཆག་ཡང་བཏང་ཡོད། རང་སྐྱོང་ལྗོངས་ནོར་སྲིད་ནས་ཀྱང་སྒོར་དུང་ཕྱུར་1.8ལྷག་ཙམ་ཁ་གསབ་བྱས་ཡོད་པ་རེད།

    སྤྱོད་ཚུལ་ལེགས་སུ་གཏོང་རྒྱུ་གོ་སྐབས་སུ་བྱས་ནས་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱིས་དམངས་སྤྱོད་མཁའ་འགྲུལ་གྱི་འགྲུལ་པའི་སྤ་སེའི་རིན་གོང་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་བཏང་སྟེ་མཁའ་ལམ་གྱི་ཁྱབ་ཁོངས་སྔར་བས་ཆེ་རུ་གཏོང་བ་དང་གཟིགས་སྐྱོང་ལག་བསྟར་བྱ་ཡུལ་རྒྱ་ཆེར་བཏང་བ་མ་ཟད། སྔ་རྗེས་སུ་བོད་ལྗོངས་མཁའ་འགྲུལ་དང་། ནུབ་རྒྱུད་མཁའ་འགྲུལ། ཁྲུང་ཆིང་མཁའ་འགྲུལ། སི་ཁྲོན་མཁའ་འགྲུལ། ལྷོ་ཕྱོགས་མཁའ་འགྲུལ་སོགས་མཁའ་འགྲུལ་ཀུང་སི་7དང《དམངས་སྤྱོད་མཁའ་འགྲུལ་གྱིས་འགྲུལ་པ་སྐྱེལ་འདྲེན་གྱི་སྤ་སེའི་རིན་གོང་མཉམ་ལས་གྲོས་མཐུན》བཞག་ནས་དམངས་སྤྱོད་མཁའ་འགྲུལ་གྱི་སྤ་སེའི་རིན་གོང་གི་གཟིགས་སྐྱོང་སྲིད་ཇུས་མུ་མཐུད་ལེགས་སུ་བཏང་བ་རེད།

    འདི་ལོའི“ལྔ་གཅིག”གུང་གསེང་གི་སྔ་ནུབ་ཏུ་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་དང་བོད་ལྗོངས་མཁའ་འགྲུལ་མཉམ་ལས་བྱས་ནས་མཁའ་ལམ་མང་པོའི་སྤ་སེའི་རིན་གོང་ཁེ་པོ་བྱས་ནས“ཡུལ་སྐོར་གྱི་ཚ་རླབས་གསར་པ”ཞིག་འཕྱུར་བར་བྱས་ཡོད།

    “དེ་སྔོན་འཚང་གཡོལ་ཕྱིར་སྐྱོད་བྱེད་ཀྱི་ཡོད། ནང་མི་ཚང་མ་མཉམ་དུ་ཕྱིར་ཐོན་པར་ཁག་པོ་འདུག གང་ལགས་ཤེ་ན། གནམ་གྲུའི་སྤ་སེའི་རིན་གོང་མཐོ་བས་དངོས་འབྲེལ་ཁག་པོ་འདུག”ཝང་ཆེ་གེ་མོས་གསར་འགོད་པར་ད་ཐེངས་ཁོང་དང་ཁོང་གི་ནང་མིས“ལྔ་གཅིག”རིང་ལྷ་ས་ནས་ཏ་ལི་བར་གྱི་གནམ་གྲུའི་སྤ་སེ་ཉོས་པར་མི་རེར་སྒོར་699ཡི་གཟིགས་སྐྱོང་ལོངས་སུ་སྤྱོད་རྒྱུ་བྱུང་བས་གཟིགས་སྐྱོང་བྱེད་ཤུགས་ཁོང་གི་བསམ་ཚོད་ལས་འདས་སོང་ཞེས་བཤད།

    རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱིས་བྱེད་ཐབས་དངོས་ལ་བརྟེན་ནས་དམངས་ལ་ཕན་པ་བཏགས་པ་དང་ཆབས་ཅིག ནང་མཁོ་རྒྱ་ཆེར་བཏང་ནས་འཛད་སྤྱོད་ལ་སྐུལ་མ་གཏོང་བའི་སྒུལ་ནུས་འཕེལ་བར་བྱས་པས་ཁྲོམ་རའི་བྱེད་པོའི་ཁུར་པོ་ཡང་དུ་གཏོང་བ་དང་། དཀའ་ངལ་སེལ་བ། ཡིད་ཆེས་འཕེལ་བ་བཅས་ལ་སྐུལ་འདེད་ཀྱི་ནུས་པ་བཟང་པོ་ཐོན་ཡོད།

    འདི་ལོའི་ལོ་སྟོད་ནས་བཟུང་། རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱིས་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ་དང་། སྤྱི་འདོམས་སླར་གསོ་དང་འཛད་སྤྱོད་རྒྱ་ཆེར་གཏོང་རྒྱུའི་ཐད་ནུས་པ་ཡང་ཡང་བཏོན་པར་གྲུབ་འབྲས་ཐོབ་ཡོད་པ་སྟེ། མ་དངུལ་སྒོར་དུང་ཕྱུར་137བཀོད་སྒྲིག་བྱས་ནས་དམངས་འཚོའི་ཞབས་ཞུའི་རྣམ་གྲངས་ཁག་21ལག་བསྟར་བྱས་པ་དང་། ལས་ཞུགས་འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས་མི་རིགས་ཁག་གི་མང་ཚོགས་ལ་སྲིད་ཇུས་ཀྱི་ཁེ་སྤོགས་ལོངས་སྤྱོད་བྱེད་དུ་བཅུག་ཡོད། འཛད་སྤྱོད་རྒྱ་སྐྱེད་གཏོང་བའི་ཆེད་དམིགས་བྱེད་སྒོ་མུ་མཐུད་ལག་བསྟར་དང་། འཛད་སྤྱོད་ཆེ་རིགས་དང་ཡུལ་སྐོར་འཛད་སྤྱོད་ལ་དམ་འཛིན་ཡག་པོ་བྱས་ནས་འཛད་སྤྱོད་ཀྱི་གཏིང་ཤུགས་མུ་མཐུད་འཕེལ་བར་བྱས་ཡོད།

    འདི་ལོའི་ཟླ་4ཚེས་15ཉིན་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཟ་རྭ་ལམ་དང་གོང་པོ་ལམ་གྱི་བཞི་མདོ་ཁའི་ལྷོ་ཁའི་ཧྲིན་ལི་དུས་རབས་ཐང་ཆེན་གཟབ་རྒྱས་ངང་སྒོ་ཕྱེ་བས་གྲོང་མི་ཚོ་ཁྲོམ་ལ་འགྲོ་ས་གསར་པ་ཞིག་ཏུ་གྱུར་ཡོད། དེ་གར“ན་གཞོན་དང་། དར་སྲོལ། གསོན་ཤུགས”བཅས་གཙོ་བོར་བྱས་པས་ན་གཞོན་མི་ཉུང་བ་ཞིག་གི་དོ་སྣང་བྱུང་ཡོད།

    སྲོལ་རྒྱུན་གྱི་དངོས་ཚན་དཔལ་འབྱོར་དང་གསར་དར་ལས་རྣམ་གྱི“མཉམ་རྩོད་མཉམ་གནས”ཀྱི་རྣམ་པ་དེ་མཐོང་སྐབས་ལས་ཀར་འགྲོ་མཁན་གཡང་འཛོམས་ཀྱིས“ཡག་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བ་མཐོང་སྐབས་རེ་བས་ཁེངས་སོང”ཞེས་མྱོང་ཚོར་ཟབ་མོས་བཤད། གཟའ་མཇུག་ཏུ་སླེབས་རིམ་བཞིན་ཁོང་གིས་རོགས་པ་དང་མཉམ་དུ་འདི་གར་ཡོང་གི་ཡོད། འདིར་ཚོང་དུད་80ལྷག་ཙམ་ཡོད་པར་ཁོང་ཚང་མར་འགྲོ་མྱོང་ཡོད།

    གྲངས་གཞི་ལས་མངོན་པར། ཟླ་3པའི་ཟླ་མཇུག་བར་ལྗོངས་ཡོངས་ཀྱི་ཁྲོམ་རའི་བྱེད་པོ་དངོས་སུ་ཐོ་འགོད་བྱེད་མཁན་ཚོང་དུད་ཁྲི་44.89ཟིན་པ་དེ་དུས་མཚུངས་ལས་8.2%འཕར་བ་དང་། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་200.65ཟིན་པ་དེ་དུས་མཚུངས་ལས་6.6%འཕར་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་0.6གིས་མཐོ་བ་ཡོད་པ་རེད།

    སྤྱོད་ཚུལ་ལེགས་སུ་གཏོང་བར་དངོས་སུ་བྱ་སྤྱོད་སྤེལ་དགོས་པ་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པར་ཐབས་ཇུས་ངོ་མ་འདོན་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་རྒྱང་ལམ་གསར་པར་རང་ལྗོངས་ཀྱི་འཕེལ་སྒྱུར་ཁོངས་གཏོགས་ཀྱིས་ཐབས་ཇུས་ངོ་མ་འདོན་པ་དང་ལས་སྒྲུབ་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་ཐབས་ཇུས་གནད་འཁེལ་འདོན་པ་དང་། བྱ་བ་དངོས་སྒྲུབ་པ། ལས་རྗེས་དངོས་ཐོན་པ་བཅས་ཧུར་ཐག་བྱས་ཏེ“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ནུས་ཤུགས་མཉམ་འདོན་བྱས་ནས་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་ཕུལ་ཡོད།

    (རིག་རྡོར་དང་། བསྟན་བློ། བསྟན་བཟང་། པ་ཕན་བཅས་ཀྱིས་སྒྱུར་ཞུས་བྱས)

    དངོས་སྒྲུབ་རྒྱུན་རྣམ་ཅན་ལ་འགྱུར་བར་བྱེད་དགོས།

    གསར་འགོད་པའི་ཟིན་བྲིས།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ཚོགས་འདུའི་ཐོག་དམངས་འཚོར་ཕན་འདོགས་པ་དང་། མི་སེམས་ལ་དྲོ་སྐྱིད་སྦྱིན་པ། དམངས་འདོད་དང་བསྟུན་པ་བཅས་ཀྱི་ལས་དོན་དེ་མང་ཚོགས་ཀྱི་བློ་ལ་འབབ་པར་བྱེད་དགོས་པའི་ནན་བཤད་གནང་ཡོད། ང་ཚོས་གཟེར་འདེབས་ཀྱི་སྙིང་སྟོབས་ཐོག་ནས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་རྒྱུ་མཐའ་འཁྱོངས་བྱེད་པར་སྤྱོད་ཚུལ་འཛུགས་སྐྱོང་ནི་ཕྱི་ཚུལ་གྱི་འབོད་ཚིག་སྟོང་པ་དང་སྦྱར་ཡིག་ཁོ་ན་མིན་པར། རྒྱུན་གཏན་གྱི་ལས་ཀའི་ཁྲོད་ཀྱི་དངོས་དངོས་རྗེན་རྗེན་གྱི་བྱ་སྤྱོད་ལ་བརྟེན་དགོས་པའི་ངོས་འཛིན་ཐུབ་པར་བྱེད་དགོས།

    དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་རིང་རྣམ་གྲངས་གལ་ཆེན་རེ་རེ་བཞིན་ལས་འགོ་འཛུགས་པ་དང་། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་བྱེད་ཐབས་རེ་རེ་བཞིན་ལག་བསྟར། འཛད་སྤྱོད་ལ་རམ་འདེགས་བྱེད་པའི་སྲིད་ཇུས་རེ་རེ་བཞིན་དོན་ཐོག་ཏུ་འཁྱོལ་བ་སོགས་ཚང་མ་ལས་རང་ལྗོངས་ཀྱི་འཕེལ་རྒྱས་དང་སྒྱུར་བཅོས་ཁོངས་གཏོགས་ཀྱི་སྤྱོད་ཚུལ་འཛུགས་སྐྱོང་གི་གསོན་ཉམས་དོད་པའི་རྣམ་པ་ཞིག་གྲུབ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།

    ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་། སྡེ་ཚན་ཁག རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་བཅས་ཀྱིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། དམིགས་ཚད་ཀྱི་སྟོན་ཕྱོགས་དང་། གནད་དོན་གྱི་སྟོན་ཕྱོགས། འབྲས་བུའི་སྟོན་ཕྱོགས་བཅས་མཐའ་འཁྱོངས་བྱས་ཏེ་སྤྱོད་ཚུལ་འཛུགས་སྐྱོང་ལ་དུས་རྒྱུན་དུ་ནས་དམ་འཛིན་དང་། རྒྱུན་གཏན་དང་མཉམ་འདྲེས། རྒྱུན་དུ་ལག་བསྟར་བཅས་བྱས་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རིང་རྣམ་པ་གསར་པ་གཏོད་པ་དང་བྱས་རྗེས་གསར་པ་འཇོག་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།