དངོས་སྒྲུབ་མཉམ་ལས་ཟབ་ཏུ་བཏང་ནས་ས་ཁུལ་འཕེལ་རྒྱས་ལ་རམ་འདེགས་བྱེད་པ།
“ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དང་ཀྲུང་གོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་31སོང་རིང་ཕྱོགས་གཉིས་པོའི་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་དེས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དང་ཀྲུང་གོའི་དབར་དངོས་སྒྲུབ་མཉམ་ལས་ཟབ་ཏུ་གཏོང་བར་སྒུལ་ནུས་གསར་པ་བསྣན་ཡོད”ཅེས་ཉིན་ཤས་གོང་ཁེར་གྷི་སི་ཐན་རྒྱལ་བཙུགས་མི་རིགས་སློབ་ཆེན“རྒྱུད་གཅིག་ལམ་གཅིག”ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ལ་ཤིས་ཏེ·ཡིའུ་སུའུ་པོ་ཕུའུ་ཡིས་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་གསུངས་ཤིང་། ཁོང་གིས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་ཀྱི་སྐུལ་འདེད་འོག་རྒྱལ་ཁབ་དྲུག་པོས་ཆབ་སྲིད་དང་། དཔལ་འབྱོར། ཚོང་དོན། མི་ཆོས་རིག་གནས། ཚན་རྩལ། སློབ་གསོ་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་འཐོབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།
ཨེ་ཤེ་ཡ་དབུས་མའི་ས་ཁུལ་ནི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ཐོག་མར་འདོན་ཡུལ་ཡིན་ལ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་ཐོག་མར་གྲུབ་འབྲས་ཐོབ་པའི་ས་ཁུལ་གཙོ་བོའི་གྲས་རེད། “རྒྱུད་གཅིག་ལམ་གཅིག”མཉམ་དུ་སྐྲུན་པའི་གྲོས་འགོ་བཏོན་ནས་ལོ་10ཡི་རིང་ཀྲུང་གོས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དང་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ཧུར་ཐག་བྱས་ཏེ“རྒྱུད་གཅིག་ལམ་གཅིག”མཉམ་དུ་སྤུས་ཚད་མཐོ་པོས་སྐྲུན་པར་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། “‘རྒྱུད་གཅིག་ལམ་གཅིག’མཉམ་དུ་བསྐྲུན་ནས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་གོ་སྐབས་བསྐྲུན་ཏེ་ས་ཁུལ་དེ་ཉིད་ཤར་ལྷོ་ནུབ་བྱང་འབྲེལ་མཐུད་བྱེད་པའི་སྐམ་ས་ཆེ་མོ་བརྒལ་བའི་འགྲིམ་འགྲུལ་ལྟེ་གནས་སུ་གཏོད་དགོས”ཞེས་ཡིའུ་སུའུ་པོ་ཕུའུ་ཡིས་བརྗོད་པ་དང་། ཁོང་གིས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔ་དང་ཀྲུང་གོས་ཁྱབ་ཁོངས་ཁག་གི་མཉམ་ལས་བྱེད་པར་ཡངས་ཤིང་རྒྱ་ཆེ་བའི་མདུན་ལམ་ལྡན་ཡོད་ཅེས་བརྗོད་པ་རེད།
ལོ་31རིང་ཁེར་གྷི་སི་ཐན་དང་ཀྲུང་གོའི་འབྲེལ་བར་རྒྱལ་སྤྱིའི་གནས་ཚུལ་གྱི་ཚོད་བགམ་ཐེག་ནས་རྒྱལ་སྤྱིའི་སྤྱི་ཚོགས་སུ་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་མཉམ་ལས། གཉིས་ཁེ་གཉིས་ཕན་བཅས་ཀྱི་རྒྱལ་ཁབ་ཀྱི་འབྲེལ་བ་གསར་པའི་དཔེ་མཚོན་བཏོད་ཡོད། ཡིའུ་སུའུ་པོ་ཕུའུ་ཡིས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་འཐབ་ཇུས་ཀྱིས་ཁྲིད་སྟོན་དང་སྐུ་ངོ་མའི་སྐུལ་འདེད་འོག་ཁེར་ཀྲུང་འབྲེལ་བ་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་མཐུན་ནས་འཐབ་ཇུས་རོགས་ཟླར་གྱུར་པ་དང་དེ་རྗེས་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླར་གྱུར་ཡོད། “ཕྱོགས་གཉིས་པོའི་དངོས་སྒྲུབ་མཉམ་ལས་ཀྱི་ནང་དོན་ཕུན་སུམ་ཚོགས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས་རྒྱལ་ཁབ་དར་རྒྱས་དང་མི་དམངས་ལ་བདེ་རྩ་བསྐྲུན་ཡོད”ཅེས་བརྗོད་པ་རེད།
ཡིའུ་སུའུ་པོ་ཕུའུ་ཡིས་འདས་པའམ་ཡང་ན་ད་ལྟ་ཡིན་ཡང་རུང་འཛམ་གླིང་གི་རྒྱལ་ཁབ་ཆེན་པོ་ཞིག་གི་ངོས་ནས། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་བྱ་སྤྱོད་དངོས་བརྟེན་ནས་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་བ་དང་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་སེམས་མངོན་པར་བྱེད་པ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐོང་ཡོད། ཀྲུང་གོས་བཏོན་པའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་འཛུགས་པ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ། གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོ་སོགས་འདུ་ཤེས་དང་གྲོས་འགོ་གལ་ཆེན་དེ་དག་གིས་དེ་བས་དྲང་གཞག་ལུགས་མཐུན་གྱི་རྒྱལ་སྤྱིའི་སྒྲིག་ལམ་འཛུགས་པར་སྐུལ་འདེད་གཏོང་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད་ཅེས་བརྗོད་པ་རེད།