དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གྲོང་གསེབ་ཀྱི་རྣམ་པ་མཛེས། མི་སེར་གྱི་འཚོ་བ་སྐྱིད།

    —— རང་ལྗོངས་ཀྱིས་གྲོང་གསེབ་ཀྱི་འཚོ་སྡོད་ཁོར་ཡུག་མུ་མཐུད་ལེགས་སུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-06-05

    ཉེ་ཆར། གསར་འགོད་པ་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་འཇུན་པ་ཉ་གྲོང་དུ་སྐྱོད་སྐབས། སྣུམ་ནག་ལམ་གསར་པ་གྲོང་ཚོ་བར་ཤར་གཏོང་ཐུབ་པ་དང་ལམ་གཡས་གཡོན་གཉིས་སུ་སྔོ་ལྗང་ལྗོན་ཤིང་གིས་ཁེངས། ཁྱིམ་ཚང་ཚང་མའི་སྒོ་རྩའི་དངོས་ཟོག་དག་གྲལ་སྒྲིག་པོར་བཞག་ཡོད་པ་དང་དེ་སྔ་ཤེལ་དམ་དང་ལྕགས་ཀྲིན་སོགས་གང་སར་དབྱུགས་པའི་རྣམ་པ་མཐོང་རྒྱུ་མི་འདུག

    “འཚོ་བའི་ཁོར་ཡུག་ལེགས་སུ་ཕྱིན་པས་སེམས་པའང་སྐྱིད་པོ་འདུག”ཅེས་གྲོང་མི་དབང་འདུས་ཀྱིས་འཛུམ་དམུལ་དམུལ་ངང་བཤད།

    དེ་དག་ཚང་མ་ནི་རང་ལྗོངས་ཀྱི་མཛེས་སྡུག་ལྡན་ལ་སྡོད་མལ་ལ་འཚམ་པའི་དཔེ་སྟོན་གྲོང་ཚོའི་འཛུགས་གཏོད་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ་ལས་བྱུང་བ་ཞིག་རེད།

    2019ལོར་མཛེས་སྡུག་ལྡན་ལ་སྡོད་མལ་ལ་འཚམ་པའི་དཔེ་སྟོན་གྲོང་ཚོ་འཛུགས་གཏོད་ཀྱི་ལས་དོན་སྤེལ་ཚུན། རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་ཚང་མས་གྲོང་གསེབ་ཀྱི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་འགོ་ཁྲིད་ཚོགས་ཆུང་བཙུགས་ནས《བོད་རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་ཀྱི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་མཛེས་སྡུག་ལྡན་ལ་སྡོད་མལ་ལ་འཚམ་པའི་དཔེ་སྟོན་གྲོང་ཚོ་འཛུགས་གཏོད་ལས་དོན་གྱི་མཛུབ་ཁྲིད་བསམ་འཆར》དང《བོད་རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་ཀྱི་འཚོ་སྡོད་ཁོར་ཡུག་གི་བཅོས་སྒྲིག་མཛེས་སྡུག་ལྡན་ལ་སྡོད་མལ་ལ་འཚམ་པའི་དཔེ་སྟོན་གྲོང་ཚོ་གཏན་འཁེལ་བྱ་ཐབས》བཟོས་ཏེ། ཞིང་འབྲོག་ཁུལ་གྱི་འཚོ་སྡོད་ཁོར་ཡུག་ལས་དོན་གྱི་ཁ་ཕྱོགས་དང་གཙོ་གནད་ལས་འགན་གཏན་འཁེལ་བྱས་ནས“གསང་སྤྱོད་གསར་བརྗེ”དང་། ཞིང་འབྲོག་ཁུལ་གྱི་འཚོ་བའི་གད་སྙིགས་དབོར་འདྲེན། བཙོག་ཆུ་གཙང་སེལ་སོགས་འབད་བརྩོན་བྱེད་ཕྱོགས་གཏན་འཁེལ་བྱས་པ་རེད། ཁོངས་མིའི་ཚན་པ་ཁག་གིས་ནུས་ཤུགས་ཡོད་རྒུས་མཉམ་ལས་དང་། ཞིང་འབྲོག་ཁུལ་གྱི་འཚོ་སྡོད་ཁོར་ཡུག་ལ་བཅོས་སྒྲིག་དང་ལེགས་སུ་གཏོང་བའི་ལོ་ལྔའི་བྱ་སྤྱོད་བརྟན་པོའི་ངང་སྤེལ་བ། བྱེད་ཐབས་སྣ་མང་སྤྱད་དེ་གྲོང་གསེབ་ཀྱི་རྣམ་པ་ལེགས་སུ་གཏོང་བ་བཅས་བྱས་པས། ཞིང་འབྲོག་ཁུལ་གྱི་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་དང་ཞིང་འབྲོག་ཁུལ་གྱི་སྤྱིའི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་ཡོད།

    མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་འཁོར་ཆགས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དངོས་གྲུབ་ཀྱིས“ང་ཚོས་ལམ་ལུགས་ལ་བརྟེན་ནས་གྲོང་ཚོའི་རྣམ་པ་གཙང་ལ་གྲལ་འགྲིག་པ་ཞིག་ཡོང་བའི་འགན་ལེན་བྱེད་ཀྱི་ཡོད། ད་ཆ་ཚང་མས་རང་འགུལ་ངང་ཁང་པའི་རྒྱབ་མདུན་དུ་གཙང་སྦྲ་བྱེད་པ་དང་གད་སྙིགས་གང་བྱུང་དུ་དབྱུག་མཁན་ཉུང་ཉུང་ཡིན་པས‘བཙོག་ཟིང་ཞན་གསུམ’གྱི་སྣང་ཚུལ་ལ་བཅོས་སྒྲིག་ནུས་ལྡན་ཐུབ་ཡོད”ཅེས་བཤད་པ་རེད།

    སྡོད་མལ་ལ་འཚམ་པའི་གཙོ་གནད་ནི་གནས་སྡོད་རེད། གྲོང་ཚོའི་རྣམ་པ་གཙང་ལ་གྲལ་འགྲིག་པ་ཞིག་ཡོང་བར་བྱེད་པ་དང་དུས་མཚུངས་མང་ཚོགས་ཀྱི་འཚོ་བ་གནས་ཟོས་བདེ་ལ་སྟབས་བདེ་ཡོང་བ་ཇི་ལྟར་བྱེད་དགོས་སམ་ཞེ་ན། གནད་དོན་འདིར་དམིགས་ཏེ་རང་ལྗོངས་ཀྱི་རིམ་ཁག་འབྲེལ་ཡོད་སྡེ་ཚན་གྱིས་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ལས་གྲྭ་ལག་བསྟར་དང་གྲོང་ཚོ་དང་དུད་ཚང་དུ་སྐྱོད་པའི་ལམ་ཁ་བཟོ་བར་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། ཞིང་འབྲོག་ཁུལ་གྱི་གློག་ཤུགས་དང་། འཕྲིན་གཏོང་། རླུང་འཕྲིན་བརྙན་འཕྲིན་བཅས་ཀྱི་སྐུད་ལམ་སྒྱུར་བཀོད་རིམ་སྤོར་མགྱོགས་སུ་བཏང་བ། གྲོང་གསེབ་ཀྱི“མཐའ་བཞིའི”ཤིང་འཛུགས་བྱེད་ཤུགས་ཆེ་རུ་བཏང་བ་དང་ཆབས་ཅིག་མི་ཕྱུགས་ལོགས་དབྱེ་སོགས་ཀྱི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས“གཙང་སེལ་བཞི་དང་བཅོས་སྒྲིག་གཉིས”གཙོ་གནད་དུ་བྱས་པའི་གྲོང་ཚོའི་གཙང་སྦྲའི་བྱ་སྤྱོད་མུ་མཐུད་སྤེལ་བ་དང་གྲོང་ཚོའི་གཙང་སྦྲའི་བྱ་སྤྱོད་གཅིག་སྡུད་བཅོས་སྒྲིག་ནས་རྒྱུན་རྣམ་དང་ཕུགས་ཕན་ཕྱོགས་སུ་སྒྱུར་བར་སྐུལ་འདེད་བཏང་བས། ཞིང་འབྲོག་ཁུལ་དུ་ཡུན་རིང་གནས་པའི“བཙོག་ཟིང་ཞན”གསུམ་གྱི་སྣང་ཚུལ་མགྱོགས་མྱུར་བཅོས་སྒྲིག་ཐུབ་སྟེ་ཞིང་འབྲོག་པའི་འཚོ་བའི་སྤུས་ཚད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།