ཀྲུང་དབྱང་ཏང་གི་སློབ་གྲྭས(རྒྱལ་ཁབ་སྲིད་འཛིན་སློབ་གླིང)2023ལོའི་དཔྱིད་ཀའི་སློབ་དུས་ཀྱི་འཛིན་གྲྭ་ཁག་གཉིས་པའི་སློབ་ཐོན་མཛད་སྒོ་འཚོགས་པ།
ཁྲེན་ཞི་ཕེབས་པ་དང་འབྲེལ་སློབ་མར་སློབ་ཐོན་ལག་ཁྱེར་སྤྲད་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭས(རྒྱལ་ཁབ་སྲིད་འཛིན་སློབ་གླིང)ཚེས་2ཉིན་2023ལོའི་དཔྱིད་ཀའི་སློབ་དུས་ཀྱི་འཛིན་གྲྭ་ཁག་གཉིས་པའི་སློབ་ཐོན་མཛད་སྒོ་འཚོགས་ཤིང་། ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)སློབ་སྤྱི(ཡོན་ཀྲང)ཁྲེན་ཞི་སློབ་ཐོན་མཛད་སྒོར་ཕེབས་པ་དང་འབྲེལ་སློབ་མར་སློབ་ཐོན་ལག་ཁྱེར་ཡང་སྤྲད་པ་རེད།
ཀྲུང་དབྱང་ཏང་གི་སློབ་གྲྭར(རྒྱལ་ཁབ་སྲིད་འཛིན་སློབ་གླིང)ད་རེས་སློབ་ཐོན་སློབ་མ་813ཡོད། སློབ་ཐོན་མཛད་སྒོར་སློབ་མའི་འཐུས་མི་བདུན་གྱིས་གཏམ་བཤད་སྤེལ་ཞིང་། ཚང་མས་ངོས་འཛིན་བྱས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཏང་གི་སློབ་གྲྭ་བཙུགས་ནས་ལོ་ངོ་90འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་2023ལོའི་དཔྱིད་ཀའི་སློབ་དུས་འགོ་ཚུགས་མཛད་སྒོར་གནང་བའི་གསུང་བཤད་གལ་ཆེན་གྱིས་མི་རྣམས་ལ་སྐུལ་ལྕག་ཐེབས་ཤིང་བློ་སྟོབས་རབ་ཏུ་འཕེལ་ཡོད། སློབ་སྦྱོང་བྱེད་རིང་ཏང་ཡོངས་སུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་དང་ཏག་ཏག་སྐབས་འཁེལ་བས་དོན་སྙིང་གལ་ཆེན་ལྡན་ལ་ཕན་འབྲས་ཆེན་པོ་ཐོབ་ཡོད། བརྒྱུད་རིམ་ལྡན་པའི་རིགས་པའི་གཞུང་ལུགས་ཀྱི་སློབ་གསོ་དང་དེ་བཞིན་ཏང་གཤིས་སློབ་གསོ་དང་འཇོན་ནུས་གསོ་སྦྱོང་བཅས་བྱས་པ་བརྒྱུད། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་སྔར་བས་གོ་བ་གཏིང་ཟབ་བླངས་ཏེ“སྲུང་སྐྱོང་གཉིས”ཐུབ་པའི་ཚད་མཐོའི་རང་རྟོགས་ལ་སྔར་བས་ཤུགས་སྣོན་ཐེབས་ཡོད། ཚང་མས། ལས་གནས་སུ་ལོག་རྗེས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱེད་པར་མུ་མཐུད་དམ་འཛིན་ཡག་པོ་བྱས་ཏེ་སློབ་སྦྱོང་ལ་བརྟེན་ནས་སེམས་པ་སྐྱེད་པ་དང་། སློབ་སྦྱོང་ལ་བརྟེན་ནས་བློ་རིག་རྒྱས་པ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་སྲོང་བ། སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་འདེད་བཅས་མཐའ་འཁྱོངས་ཀྱིས་ཕན་འབྲས་དངོས་ལ་བརྟེན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།