འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྙན་སྒྲོན་དུ་འདི་ལོའི་དུས་ཚིགས་གཉིས་པའི་གོ་ལ་ཧྲིལ་པོའི་དངོས་ཟོག་གི་ཚོང་དོན་ཡག་ཏུ་འགྲོ་སྲིད་པའི་ངོས་འཛིན་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རི་ནེ་ཝ་ནས་ཟླ་5ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་31ཉིན་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱིས་སྙན་སྒྲོན་ཞིག་ཡོངས་བསྒྲགས་བྱས་པའི་ནང་དུ་2023ལོའི་དུས་ཚིགས་དང་པོར་གོ་ལ་ཧྲིལ་པོའི་དངོས་ཟོག་ཚོང་དོན་སྔར་བཞིན་ཡག་པོ་མེད་པ་དང་རྣམ་པ་དེ་དུས་ཚིགས་གཉིས་པར་ལེགས་སུ་འགྲོ་སྲིད་ཅེས་འཁོད་ཡོད་པ་རེད།
འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱིས་ཡོངས་བསྒྲགས་བྱས་པའི《དངོས་ཟོག་ཚོང་དོན་འཕར་ཆག་རེའུ་མིག》གསར་ཤོས་ལས་མངོན་པར། གོ་ལ་ཧྲིལ་པོའི་དངོས་ཟོག་ཚོང་དོན་ཡག་ཉེས་ཀྱི་སྟོན་གྲངས་95.6ཟིན་པ་དེ་གཞི་འཛིན་སའི་ཚད་གཞི་100ལས་དམའ་བ་ཡོད་མོད། འོན་ཀྱང་འདི་ལོའི་ཟླ་3པར་ཁྱབ་བསྒྲགས་བྱས་པའི་92.2ལས་ཅུང་མཐོ་རུ་ཕྱིན་ཡོད་པ་རེད།
གྲུབ་ཆ་ཁག་གི་སྟོན་གྲངས་ལས་རླངས་འཁོར་ཐོན་རྫས་ཀྱི་སྟོན་གྲངས་110.8ཟིན་ནས་མུ་མཐུད་འཕེལ་ཕྱོགས་ཀྱི་ཆུ་ཚད་དུ་བརྟན་པོར་གནས་ཡོད་པ་དང་། ཕྱིར་གཏོང་མངགས་ཉོའི་སྟོན་གྲངས་102.7ཟིན་ནས་འཕེལ་ཕྱོགས་ཀྱི་ཆུ་ཚད་ལས་ཅུང་མཐོ་བ་ཡོད་པ། མ་བཅོས་རྒྱུ་ཆའི་སྟོན་གྲངས་99.0ཟིན་ཡོད་པ་རེད། གཞན་ཡང་དོས་སྒམ་སྐྱེལ་འདྲེན་སྟོན་གྲངས་དང་། མཁའ་ཐོག་སྐྱེལ་འདྲེན་སྟོན་གྲངས། གློག་རྡུལ་ལྷུ་ལག་གི་སྟོན་གྲངས་བཅས་མུ་མཐུད་ཆག་ནས་འཕེལ་ཕྱོགས་ཀྱི་ཆུ་ཚད་ལས་ཆ་སྙོམས་ཀྱིས་དམའ་བ་ཡོད་པ་རེད། སྙན་སྒྲོན་དུ་དྲང་ཕྱོགས་དང་ལྡོག་ཕྱོགས་ཀྱི་དམིགས་ཚད་ཀྱིས་ཕྱེད་ཀ་ཙམ་ཟིན་པ་དེས་དུས་ཐུང་གི་ཚོང་དོན་མདུན་ལམ་ལ་སྔོན་དཔག་བྱེད་དཀའ་རུ་ཕྱིན་ཡོད།
སྙན་སྒྲོན་དུ་ཉེ་དུས་ཕྱིར་གཏོང་མངགས་ཐོ་མང་དུ་ཕྱིན་ནས་2023ལོའི་དུས་ཚིགས་གཉིས་པའི་ཚོང་ཟོག་གི་དགོས་མཁོ་མང་དུ་ཕྱིན་ཡོད། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱིས་དེ་གོང་2023ལོའི་གོ་ལ་ཧྲིལ་པོའི་དངོས་ཟོག་ཚོང་དོན་1.7%འཕར་བའི་སྐོར་གྱི་སྔོན་དཔག་མངོན་འགྱུར་ཐུབ་རེ་ཡོད་པའི་ངོས་འཛིན་བྱས་ཡོད་པ་རེད།
འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱིས་2016ལོའི་ཟླ་7པར་གོ་ལ་ཧྲིལ་པོའི་ཚོང་དོན་ཡག་ཉེས་ཀྱི་སྟོན་གྲངས་ཐོག་མར་ཁྱབ་བསྒྲགས་བྱས་པ་དང་དཔལ་འབྱོར་དངོས་ཚན་གཙོ་བོའི་ཚོང་དོན་བསྡོམས་རྩིས་གྲངས་གཞི་བསྡུ་རུབ་བྱས་པ་བརྒྱུད་མིག་སྔའི་འཛམ་གླིང་ཚོང་དོན་གྱི་དུས་ཐུང་འཕེལ་རྒྱས་འགྲོ་ཕྱོགས་ལ་ཐོག་མའི་བརྡ་རྟགས་མཁོ་འདོན་བྱས་ནས་ཚོང་དོན་སྲིད་ཇུས་བཟོ་མཁན་དང་བཟོ་ཚོང་ལས་རིགས་ལ་དེ་བས་དུས་ཐོག་གི་རྒྱལ་སྤྱིའི་ཚོང་དོན་ཆ་འཕྲིན་མཁོ་འདོན་བྱས་ཡོད་པ་རེད།