དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རྒན་ཡོལ་ཞུས་ཀྱང་སྙིང་སྟོབས་མི་ཉམས་པའི་ཏང་ཡོན་རྒན་གྲས་རྡོ་གྲགས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-02

    ལྷུན་གྲུབ་རྫོང་མཚོ་སྟོད་ཤང་མཁར་གདོང་གྲོང་ཚོར་འཚོ་སྡོད་བྱེད་མཁན་རྡོ་གྲགས་ནི་ཏང་ལ་ཞུགས་ནས་ལོ་63སོང་བའི་ཏང་ཡོན་རྒན་གྲས་ཤིག་རེད། རྒན་ཡོལ་ཞུས་རྗེས་ཁོང་གིས་བློ་གཅིག་སེམས་གཅིག་ངང་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་ལག་ལེན་བསྟར་ནས་རྒན་ཡོལ་ཞུས་ཀྱང་སྙིང་སྟོབས་མི་ཉམས་པར་མུ་མཐུད་ནུས་ཤུགས་ལྷག་མ་བཏོན་པས་མང་ཚོགས་ཉེ་འགྲམ་གྱི་སེམས་རྩ་འཁོལ་བའི་མི་དང་སྙིང་ཉེ་བར་གྱུར་ཡོད་པ་རེད།

    ཏང་གི་སློབ་གསོ་དང་ལེན་བྱས་ནས་དམངས་ཀྱི་དོན་དུ་བྱ་བ་དངོས་བསྒྲུབས་ཤིང་། 1985ལོར་རྒན་ཡོལ་ཞུས་རྗེས་རྡོ་གྲགས་ཀྱིས་ཐོག་མའི་བསམ་འདུན་མ་བརྗེད་པར་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་ལེགས་སྐྱེས་འབུལ་བར་གཞོལ་བཞིན་མཆིས།

    ཕྱུག་པོ་ཆགས་པར་སྔོན་ལ་ལམ་བཟོ་དགོས། མཚོ་སྟོད་ཤང་ནས་དགའ་ལྡན་ཆོས་འཁོར་གྲོང་རྡལ་བར་སྣུམ་ནག་གཞུང་ལམ་ཤར་གཏོང་མ་ཐུབ་གོང་། རྡོ་གྲགས་ཀྱིས་ཐོག་མཐའ་བར་གསུམ་དུ་གཞུང་ལམ་སྲུང་སྐྱོང་དང་ཉམས་བཟོ་མཐའ་འཁྱོངས་བྱས་ནས་དུས་ཡུན་ལོ་20ལྷག་ཙམ་ཕྱིན་ཡོད། མཁར་གདོང་གྲོང་ཚོའི་ཧྲུའུ་ཅི་དང་པོ་ཝུའུ་ཧུང་ཧུའེ་ཡིས“དྲག་ཆར་རླུང་འཚུབ་ལྡང་བའི་ནམ་དུས་དང་ཡང་ན་གྲང་ངར་ཆེ་བའི་དགུན་དུས་གང་ཞིག་ཡིན་རུང་། ཉིན་ལྟར་ནམ་ལངས་མ་ཐག་བགྲེས་སོང་རྡོ་གྲགས་ཀྱིས་ལྕགས་ཁྱེམ་དང་ཕྱགས་མ་ཁྱེར་ནས་གཞུང་ལམ་ལམ་ངོས་ཀྱི་གད་སྙིགས་འཕྱག་པ་དང་ས་དོང་རྒྱོང་བའི་ལས་ཀ་བྱས་ཏེ་ལོ་བཅུ་ཕྲག་ཁ་ཤས་ཉིན་གཅིག་ལྟར་རྒྱུན་འཁྱོངས་བྱས་ཡོད། མཚོ་སྟོད་ཤང་ནས་དགའ་གདན་ཆོས་འཁོར་གྲོང་རྡལ་བར་གྱི་སྣུམ་ནག་ལམ་2006ལོར་བདེ་བླག་ངང་སྐྲུན་མཇུག་འགྲིལ་རྗེས་བགྲེས་སོང་རྡོ་གྲགས་ཀྱིས་སྔར་བཞིན་ལམ་སྐྱོང་ལམ་བཟོ་རྒྱུན་འཁྱོངས་བྱས་པ་དང་། ཤང་ཁོངས་གཏོགས་ཀྱི་གཞུང་ལམ་ཚང་མར་ཁོང་གིས་བདག་སྐྱོང་བྱེད་མྱོང་ཡོད”ཅེས་གསར་འགོད་པར་བརྗོད།

    མཚོ་སྟོད་ཤང་གི་ཕྱོགས་གསུམ་རི་བོས་བསྐོར་བ་དང་། ས་བབ་ཅུང་མཐོ་བ། སྔོ་ཁེབས་ཉུང་བ་བཅས་ལས་ལོ་ལྟར་འབྲུབ་ཆུ་རྒྱས་དུས་རི་རྩེ་ནས་བཞུར་བའི་གངས་ཆུས་འགྲོ་ལམ་དང་ལོ་ཏོག་ཁག་གཅིག་འཁྱེར་གྱི་ཡོད། སྐབས་དེ་དུས་བགྲེས་སོང་རྡོ་གྲགས་ཀྱི་ལས་བྲེལ་ཆེ་བའི་གཟུགས་བརྙན་མཐོང་རྒྱུ་ཡོད། ཁོང་གིས་གྲོང་ཚོ་ཁག་གི་ཚོགས་ཆུང་དུ་བསྐྱོད་དེ་གཞུང་ལམ་གཏོར་སྐྱོན་ཐེབས་པའི་གནས་ཚུལ་ཞིབ་ཕྲ་དུས་ཐོག་ཏུ་ལྟ་ཞིབ་བྱས་ནས་འབྲུབ་ཆུ་རྒྱས་མཇུག་འགྲིལ་རྗེས་འཕྲལ་མར་ནང་མི་དང་། གྲོགས་པོ། དེ་བཞིན་ཉེ་འཁོར་གྱི་མང་ཚོགས་བཅས་བསྐོངས་ནས་མཉམ་དུ་འོས་འགན་ཉམས་བཟོ་བྱེད་ཀྱི་ཡོད་པས། རྡོ་གྲགས་རིམ་བཞིན་ཡུལ་མི་ཚོས་ཁས་ལེན་པའི་མཚོ་སྟོད་ཤང་གི་གྲོང་ཚོ་རིམ་པའི་གཞུང་ལམ་ཉམས་བཟོ་བརྟན་གཏོང་གི“སྤྱི་ཁྱབ་བཀོད་འདོམས་པར”གྱུར།

    བགྲེས་སོང་རྡོ་གྲགས་ནི་སྤྱིར་བཏང་གི་མི་ཞིག་ཡིན་མོད། འོན་ཀྱང་གཞན་ལས་ལྷགས་པའི་ལས་དོན་བསྒྲུབས་པས་ཁོང་གིས་ཕུལ་བྱུང་ཏང་ཡོན་ཁྲི་སྟོང་མང་པོའི་དད་སེམས་བརྟན་སྲུང་དང་མཚོན་པར་བྱས་ཡོད། ཁོང་གིས“ཏང་ཡོན་ཞིག་གི་ངོས་ནས་དུས་དང་རྣམ་པ་ཀུན་ཏུ་ཏང་གི་འབོད་སྐུལ་ལ་ཉན་པ་དང་། ཏང་ཡོན་གྱི་ཁས་ལེན་ལག་ལེན་བསྟར་ནས་གཏམ་སྤྱོད་དང་། བྱ་སྤྱོད། མི་ཚུལ་ལྡན་ཞིག་བྱེད་པ་བཅས་ཚང་མར་རང་ཉིད་ནི་ཏང་ཡོན་ཞིག་ཡིན་པ་བློ་ལ་ངེས་དགོས”ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།