དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སློབ་གསོ་པུའུ་སོགས་སྡེ་ཚན་བཅོ་བརྒྱད་ཀྱིས་མཉམ་དུ《བསམ་འཆར》བཀྲམ་ནས།

    དུས་རབས་གསར་པའི་སློབ་གྲྭ་འབྲིང་ཆུང་གི་ཚན་རིག་དང་མཐུན་པའི་སློབ་གསོའི་ལས་དོན་ལ་ཤུགས་སྣོན་བརྒྱབ་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-06-01

    ཉེ་ཆར། སློབ་གསོ་པུའུ་སོགས་སྡེ་ཚན་བཅོ་བརྒྱད་ཀྱིས《དུས་རབས་གསར་པའི་སློབ་གྲྭ་འབྲིང་ཆུང་གི་ཚན་རིག་དང་མཐུན་པའི་སློབ་གསོའི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)མཉམ་དུ་བཀྲམ་ནས་སློབ་གསོའི་ཁུར་པོ་ཡང་གཏོང་གཉིས་ཀྱི་ཁྲོད་ཚན་རིག་དང་མཐུན་པའི་སློབ་གསོའི་ཁ་སྣོན་ལས་དོན་ཡག་པོ་བསྒྲུབ་རྒྱུ་བརྒྱུད་རིམ་ལྡན་པའི་ངང་བཀོད་སྒྲིག་བྱས་པ་དང་སློབ་གསོ་དང་། ཚན་རྩལ། ཤེས་ལྡན་མི་སྣའི་སྤུད་ཚད་མཐོ་བའི་འཕེལ་རྒྱས་བཅས་ལ་མཉམ་དུ་སྐུལ་འདེད་གཏོང་བར་འདེགས་སྐྱོར་དང་ཞབས་འདེགས་ཞུས་པ་རེད།

    དུས་རབས་གསར་པའི་སློབ་གྲྭ་འབྲིང་ཆུང་གི་ཚན་རིག་དང་མཐུན་པའི་སློབ་གསོ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱེད་པའི་ཆེད་དོན་ཡིག་ཆ་ཞིག་ཡིན་པའི་ངོས་ནས《བསམ་འཆར》གྱི་དམིགས་ཡུལ་ནི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་ཐོན་ལས་འཕོ་འགྱུར་གྱི་དགོས་མཁོ་དང་འཚམ་པའི་སློབ་ཚན་གྱི་སློབ་གཞི་དང་། ཚོད་ལྟའི་སློབ་ཁྲིད། དགེ་རྒན་གསོ་སྐྱོང་། ལག་ལེན་བྱེད་སྒོ། ཆ་རྐྱེན་འགན་སྲུང་སོགས་ཐད་ཀྱི་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ་དང་། སློབ་གྲྭའི་ཕྱི་ནང་གི་ཐོན་ཁུངས་བསྡུ་སྒྲིལ་གང་ལེགས་བྱེད་པ། སློབ་གྲྭའི་གཡུལ་ས་གཙོ་བོ་དང་སྤྱི་ཚོགས་ཀྱི་སློབ་ཁང་ཆེ་མོ་འབྲེལ་མཐུད་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་སློབ་གྲྭ་འབྲིང་ཆུང་གི་སློབ་མར་དེ་བས་སྤུས་ལེགས་ཀྱི་ཚན་རིག་དང་མཐུན་པའི་སློབ་གསོ་མཁོ་འདོན་བྱེད་པ་དང་སློབ་མའི་ཚན་རིག་གི་བྱང་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ། ཚན་རིག་མཁས་ཅན་དུ་འགྱུར་བའི་འཇོན་ཐང་དང་ཚན་རིག་ཞིབ་འཇུག་བྱ་གཞག་ལ་ལེགས་སྐྱེས་འབུལ་འདོད་ཡོད་པའི་གཞོན་ནུ་ལོ་ཆུང་ཚོགས་སྤྱི་སྐྱེད་སྲིང་བྱེད་རྒྱུ་བཅས་རེད།

    《བསམ་འཆར》ནང་སློབ་མ་རྩ་བར་འཛིན་རྒྱུ་དང་སྣོད་བསྟུན་སློབ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སློབ་མའི་མཚར་སྣང་དང་། བསམ་པའི་བཀོད་ཤུགས། འཚོལ་ཞིབ་བྱེད་འདོད་བཅས་འཕེལ་བར་བྱེད་པ་དང་། སློབ་མས་རང་རྟོགས་ངང་ཚན་རིག་གི་ཤེས་བྱ་སྦྱོང་བ་དང་། ཚན་རིག་གི་སྙིང་སྟོབས་གསོ་སྐྱོང་། ཚན་རྩལ་གྱི་རང་རྟོན་རང་ཚུགས་ཆེ་རུ་གཏོང་བ། ཁྱིམ་ཞེན་དང་རྒྱལ་ཞེན་གྱི་བརྩེ་སེམས་ཟབ་ཏུ་གཏོང་བ་བཅས་བྱེད་པར་ཁྲིད་སྟོན་བྱས་ནས་ཕྲུ་གུ་ཚོའི་སེམས་སུ་ཚན་རིག་གི་ས་བོན་ཧུར་ཐག་བཏབ་སྟེ་ཕྲུ་གུ་ཚོས་ཚན་རིག་མཁས་ཅན་བྱེད་པའི་ཕུགས་འདུན་དོན་གཉེར་བྱེད་པར་ཁྲིད་སྟོན་བྱེད་དགོས།

    《བསམ་འཆར》ནང་སློབ་གྲྭས་སློབ་ཁྲིད་དང་ཞབས་ཞུ་ལེགས་སུ་གཏོང་དགོས་ཤིང་། སློབ་ཚན་གྱི་ཇུས་གཞི་ལྟར་ཚན་རིག་རིགས་ཀྱི་སློབ་ཚན་ཆད་མེད་ཚང་ཁྲིད་དང་ཡག་པོ་འཁྲིད་དགོས་པ་དང་། སློབ་ཚན་གྱི་ཚད་གཞི་དང་སློབ་དེབ་བཟོ་བཅོས་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་ཆབས་ཅིག་སློབ་ཁྲིད་དང་ཟུར་ཁྲིད་དཔེ་དེབ་ལྟ་འདོམས་མ་ལག་ནང་འཇུག་དགོས་པ། ཚོད་ལྟའི་སློབ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་འབྲེལ་སློབ་གྲྭ་འབྲིང་ཆུང་གི་སློབ་མ་ཚན་རིག་སློབ་གསོའི་བྱེད་སྒོ་སྤེལ་ཡུལ་དུ་བསྐྱོད་རྒྱུའི་སྒྲིག་འཛུགས་རྒྱ་ཁྱབ་བྱས་ནས་ས་གནས་ས་ཐོག་དང་ཉམས་ལེན་རྣམ་པའི་ཚན་རིག་དང་མཐུན་པའི་ལག་ལེན་བྱེད་སྒོ་སྤེལ་དགོས་པ། ཉམས་ཞན་ས་ཁུལ་དང་ཉམས་ཞན་སློབ་གྲྭར་ཚན་རིག་དང་མཐུན་པའི་སློབ་གསོའི་བྱེད་སྒོ་སྤེལ་ཡུལ་སྐྲུན་རོགས་བྱས་ཏེ་སྒྲིག་ཆས་དང་། ཡོ་ཆས། དཔེ་དེབ། མཉེན་ཆས་སོགས་མཁོ་འདོན་བྱེད་རྒྱུ་མ་ཟད། མི་ཐབས་ལ་བརྟེན་པའི་རིག་ནུས་དང་རྟོག་བཟོའི་དོན་དངོས་སོགས་ཀྱི་ལག་རྩལ་ལ་བརྟེན་ནས་ཚོད་ལྟའི་སློབ་ཁྲིད་ལེགས་སུ་གཏོང་བ་དང་དེར་ཤུགས་སྣོན་རྒྱག་རྒྱུ་འཚོལ་ཞིབ་བྱས་ཏེ་སྤུས་ལེགས་སློབ་གསོ་སློབ་ཁྲིད་ལ་ཐོན་ཁུངས་མི་འདང་བའི་གནས་ཚུལ་ཐག་གཅོད་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།

    《བསམ་འཆར》ནང་སྤྱི་ཚོགས་ཀྱི་སློབ་ཁང་ཆེ་མོ་བེད་སྤྱོད་ཡག་པོ་གཏོང་དགོས་ཤིང་། མཐོ་རིམ་སློབ་གྲྭ་དང་། ཚན་རིག་ཞིབ་འཇུག་ཁང་། ཚན་རྩལ་ཁང་། ལོ་ཆུང་བྱིས་པའི་ཕོ་བྲང་། བྱིས་པའི་བྱེད་སྒོ་ལྟེ་གནས། རྟེན་མཛོད་ཁང་། རིག་གནས་ཁང་། དཔེ་མཛོད་ཁང་། འཆར་འགོད་འགྲེམས་སྟོན་ཁང་། བཟོ་ཞིང་ཁེ་ལས་སོགས་ཚན་པས་སློབ་མར་ཁོངས་གཏོགས་ཀྱི་འགྲེམས་ཁང་དང་། རྟེན་གཞི། སྒར་ས། གླིང་ཁུལ། ཐོན་སྐྱེད་འཁོར་ཁང་སོགས་ཀྱི་གཡུལ་ས་དང་། ལས་སྟེགས། གཞི་རྟེན། ཐོན་ཁུངས་བཅས་སྒོ་ཕྱེ་དགོས་པའི་སྐུལ་སློང་བྱེད་དགོས་པ་དང་། མཐོ་སློབ་དང་ཚན་རིག་ཞིབ་འཇུག་ཁང་གིས་སློབ་གྲྭ་འབྲིང་ཆུང་དང་རང་འགུལ་ངང་འབྲེལ་མཐུད་བྱས་ཏེ་ཚན་རིག་དང་མཐུན་པའི་སློབ་གསོ་འཕེལ་རྒྱས་གཏོང་རྒྱུ་ཁྲིད་སྟོན་དུ་བྱེད་པར་སྐུལ་ལྕག་བྱེད་པ། ཚན་རྩལ་འདུས་ཚད་མཐོ་བའི་བཟོ་ཞིང་ཁེ་ལས་ཀྱིས“རང་རྟོན་རང་ཚུགས་ཀྱི་ལག་རྩལ་ཐོན་རྫས་ཉམས་ལེན”བྱེད་སྒོ་སྤེལ་བར་ཁྲིད་སྟོན་བྱེད་པ། ཀྲུང་དབྱང་གི་སྨྱན་སྦྱོར་གཙོ་བོའི་ཁོངས་གཏོགས་ཀྱི་སྨྱན་སྦྱོར་གསར་པའི་ལས་སྟེགས་ཀྱིས་ཚན་རིག་དང་མཐུན་པའི་སློབ་གསོའི་ཆེད་སྒྲིག་ལེ་ཚན་གཏོད་པར་སྐུལ་འདེད་གཏོང་བ་དང་ཚན་རིག་གི་སྙིང་སྟོབས་དང་ཚན་རིག་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་སྟེ་སློབ་གྲྭ་འབྲིང་ཆུང་གི་སློབ་མས་ཚན་རྩལ་ལ་བརྟེན་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་ཕུགས་འདུན་ཆེན་པོ་དོན་གཉེར་བྱེད་པར་སྐུལ་མ་གཏོང་དགོས་པ་བཅས་ཀྱི་ནན་བཤད་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།