སློབ་སྦྱོང་ལ་བརྟེན་ནས་བློ་རིག་རྒྱས་པ་བྱས་ཏེ་ལག་ལེན་གྱི་ནུས་པ་ཆེ་རུ་གཏོང་དགོས།
—— བརྗོད་དོན་གཙོ་བོའི་སློབ་གསོར་ཕན་འབྲས་ཏན་ཏིག་ཐོབ་པར་སྐུལ་འདེད་གཏོང་དགོས།
ཀྲུང་དབྱིང་།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲའན་ཤིས་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་སེང་གསན་སྐབས། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བར་བླང་བྱ་ཁ་གསལ་བཏོན་གནང་བ་དང“སློབ་སྦྱོང་ལ་བརྟེན་ནས་བློ་རིག་རྒྱས་པའི”ཐད་རྒྱས་བཤད་གཏིང་ཟབ་གནང་བ་མ་ཟད། “ལག་ལེན་གྱི་ནུས་པ་ཆེ་རུ་གཏོང་དགོས”པའི་ནན་བཤད་ཀྱང་གནང་ཡོད། གཟི་བརྗིད་དང་ཕུགས་འདུན་གྱིས་ཁེངས་པའི་རྒྱང་ལམ་གསར་པར་འབད་འཐབ་བྱེད་པར། སྣེ་མང་རྙོག་འཛིང་ཆེ་བའི་རྒྱལ་སྤྱི་རྒྱལ་ནང་གི་དུས་བབ་དང་། དཀའ་ཚེགས་ཆེ་ལ་ལྗིད་རྫོབ་ཆེ་བའི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན། གཏན་འཁེལ་མེད་ལ་སྔོན་དཔག་དཀའ་བའི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་བཅས་ཀྱི་མདུན་དུ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རང་རྟོགས་ངང་ལག་བསྟར། ཏང་གི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཁྲོད་ནས་ཆོས་ཉིད་རྟོགས་པ་དང་། ཁ་ཕྱོགས་གསལ་རྟོགས། བྱེད་ཐབས་སྦྱོང་བ། བློ་གྲོས་འཕེལ་བ་བཅས་བྱེད་པ། ཁྱིམ་སྐྱོང་གི་འཇོན་ཐང་དང་། ཏང་དར་རྒྱས་གཏོང་བའི་འཇོན་ཐང་། རྒྱལ་ཁབ་སྟོབས་ཆེར་གཏོང་བའི་འཇོན་ཐང་བཅས་སྦྱོང་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཏང་འཛུགས་སྐྱོང་ཁྲོད་གནས་པའི་འགལ་ཟླ་དང་གནད་དོན་སྣ་ཚོགས་ཐག་གཅོད། ཉེན་ཁ་ཆེ་རིགས་འགོག་སེལ་བཅས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་གྲུབ་འབྲས་གསར་པ་དང་ཚད་བརྒལ་གསར་པ་ཐོབ་པར་སྐུལ་འདེད་གཏོང་དགོས།
རིགས་པའི་གཞུང་ལུགས་ཀྱི་རིན་ཐང་དེ་ལག་ལེན་ལ་མཛུབ་ཁྲིད་བྱེད་རྒྱུར་ཐུག་ཡོད། ལག་ལེན་རང་བཞིན་ནི་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་དེ་རིགས་པའི་གཞུང་ལུགས་གཞན་དང་མི་འདྲ་བའི་མངོན་གསལ་དོད་པའི་ཁྱད་ཆོས་ཤིག་རེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས། མར་ཁེ་སི་རིང་ལུགས་ཀྱི་ཚན་རིག་དང་མཐུན་པའི་རང་བཞིན་དང་ལག་ལེན་རང་བཞིན་གཅིག་གྱུར་ནུས་ལྡན་མཐའ་འཁྱོངས་བྱས་ཡོད་ལ། དུས་རབས་གསར་པར་ཏང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་འཕྲད་པའི་རིགས་པའི་གཞུང་ལུགས་དང་དངོས་ཡོད་ཀྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ལན་གཏིང་ཟབ་བཏབ་པ་མ་ཟད། བརྒྱུད་རིམ་ཧྲིལ་པོར་གནད་དོན་གྱི་འདུ་ཤེས་ཆེན་པོ་དང་ཁ་གསལ་གྱི་ལག་ལེན་གྱི་སྟོན་ཕྱོགས་ཀྱང་ཁྱབ་ཡོད། དགོངས་པ་འདིའི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་འོག རང་རེའི་ཏང་གིས་མི་དམངས་དུང་ཕྱུར་མང་པོར་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་སྒྲོལ་དཀའ་བའི་འགག་གནད་རེ་རེ་ལས་རྣམ་པར་རྒྱལ་ཡོད་ལ། སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་མི་ཡུལ་གྱི་ངོ་མཚར་རེ་རེ་བཞིན་བཏོད་ཡོད། སློབ་སྦྱོང་ལ་བརྟེན་ནས་བློ་རིག་རྒྱས་པ་མཐའ་འཁྱོངས་དང་ལག་ལེན་གྱི་ནུས་པ་ཆེ་རུ་གཏོང་བར། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་སློབ་སྲོལ་བཟང་པོ་དར་སྤེལ་གཏོང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པའི་ལག་ལེན་གྱི་བླང་བྱ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ། ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་བདེན་དོན་གྱི་སྟོབས་ཤུགས་དང་ལག་ལེན་རླབས་པོ་ཆེ་དངོས་འབྲེལ་རྟོགས་པ་བཅས་ཀྱི་བསམ་བློ་དེ་རང་སྣང་གི་འཇིག་རྟེན་དང་ཕྱི་རོལ་ཡུལ་གྱི་འཇིག་རྟེན་ལ་སྒྱུར་བཀོད་བྱེད་པའི་བསམ་བློའི་མཚོན་ཆ་ཆེན་པོར་འགྱུར་བར་བྱེད་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་སྔར་བྱུང་མྱོང་མེད་པའི་གསར་གཏོད་རང་བཞིན་གྱི་བྱ་གཞག་ཅིག་ཡིན་པས། ང་ཚོས་འཚོལ་ཞིབ་དང་གསར་གཏོད་བྱེད་དགོས། དེས་རིམ་ཁག་ཏང་རྩ་འཛུགས་དང་འགོ་ཁྲིད་ལས་བྱེད་པའི་བྱང་ཚད་དང་ནུས་པར་དེ་བས་མཐོ་བའི་བླང་བྱ་གསར་པ་བཏོན་ཡོད་པ་མ་ཟད། ང་ཚོའི་བསམ་པའི་ཉམས་འགྱུར་དང་སྤྱོད་ཚུལ་གྱི་གཟུགས་བརྙན་ལའང་དེ་བས་མཐོ་བའི་བླང་བྱ་གསར་པ་བཏོན་ཡོད”ཅེས་ནན་བཤད་གནང་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་བྱེད་པ་དང་། དེའི་ནང་འདུས་པའི་འགོ་ཁྲིད་ཀྱི་བྱེད་ཐབས་དང་། བསམ་བློའི་བྱེད་ཐབས། ལས་ཀའི་བྱེད་ཐབས་བཅས་ཁོང་དུ་ཆུད་པ། རང་འགན་གཙང་སྒྲུབ་ཀྱི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་བཅས་བྱས་ཚེ། གཞི་ནས་ལོ་རྒྱུས་དང་མི་དམངས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་གྲུབ་འབྲས་དངོས་གཏོད་ཐུབ། སློབ་སྦྱོང་ལ་བརྟེན་ནས་བློ་རིག་རྒྱས་པ་མཐའ་འཁྱོངས་དང་ལག་ལེན་གྱི་ནུས་པ་ཆེ་རུ་གཏོང་བར། དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ཏང་གི་ལྟེ་བའི་ལས་འགན་ལ་དམ་པོར་དམིགས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བ། ཉེན་ཁ་འགོག་སེལ་བཅས་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། འཐབ་རྩོད་ཀྱི་སྙིང་སྟོབས་དང་འཐབ་རྩོད་ཀྱི་འཇོན་ཐང་འཇགས་པར་ཤུགས་སྣོན་རྒྱག་པ། ཉེན་ཁ་འགོག་པ་དང་། འགྲན་སློང་བསུ་བ། གནོན་ཤུགས་སེལ་བ་བཅས་ཀྱི་ནུས་པ་ཆེ་རུ་གཏོང་བར་ཤུགས་སྣོན་རྒྱག་པ། དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་གྱི་འགན་འཁྲིའི་བསམ་པ་དང་རང་འགན་ཐེག་པ་འཁུར་ལེན་ཧུར་ཐག་གི་སྙིང་སྟོབས་ལ་བརྟེན་ནས་ཏང་དང་མི་དམངས་ཀྱི་ཆེད་དུ་འགན་འཁྲི་ཡག་པོ་སྒྲུབ་པ་དང་འགན་ཡག་པོ་འཁུར་བ། རྣམ་པ་གསར་པ་དང་བྱས་རྗེས་གསར་པར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཞུམ་མེད་འཐབ་རྩོད་ལ་བརྟེན་ནས་བྱ་གཞག་འཕེལ་རྒྱས་ཀྱི་གནམ་ས་གསར་པ་གཏོད་དགོས།
འགོ་ཁྲིད་ལས་བྱེད་པའི་ཆེད་ལས་ཅན་གྱི་ཆུ་ཚད་ནི། ཏང་གི་འགོ་ཁྲིད་ཀྱི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བའི་འདེགས་སྐྱོར་གལ་ཆེན་ཞིག་རེད། སློབ་སྦྱོང་ལ་བརྟེན་ནས་བློ་རིག་རྒྱས་པ་མཐའ་འཁྱོངས་དང་ལག་ལེན་གྱི་ནུས་པ་ཆེ་རུ་གཏོང་བར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་དུས་ཐོག་ཏུ་ཤེས་བྱའི་སྟོང་ཆ་སྐོང་བ་དང་། བྱང་ཚད་ཀྱི་ཞན་ཆ་སེལ་བ། ནུས་པའི་ཞན་ཆ་སེལ་བ་བཅས་བྱས་ནས་ཆེད་ལས་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་དུས་ཚོད་ཀྱིས་མི་མི་སྒུག་པའི་སྙིང་སྟོབས་ལ་བརྟེན་ནས་ཕྱོགས་ཁག་གི་ཤེས་བྱ་སློབ་སྦྱོང་དང་ཁོང་དུ་ཆུད་པ་དམ་འཛིན་དང་། ལྷག་པར་དུ་འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་སྟངས་འཛིན་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་བཅས་ཀྱི་ཆབ་སྲིད་ཀྱི་འཇོན་ཐང་དང་། འཐབ་ཇུས་ཀྱི་མིག་རྒྱང་། ཆེད་ལས་ཀྱི་ཆུ་ཚད་བཅས་ཆེ་རུ་བཏང་ནས་རང་ཉིད་གནས་སའི་ལས་དོན་ཁྱབ་ཁོངས་ཀྱི་འཇོན་ཐང་ཅན་དུ་ཧུར་ཐག་འགྱུར་བ་བྱེད་པ་དང་འབྲེལ། ལས་དོན་ཁག་ལ་དུས་རབས་རང་བཞིན་དེ་བས་མངོན་པ་དང་། ཆོས་ཉིད་རང་བཞིན་ཁོང་དུ་ཆུད་པ། གསར་གཏོད་རང་བཞིན་ལྡན་པ་བཅས་བྱེད་དགོས།
“ང་ཚོའི་ལས་བྱེད་པ་ཡར་རྒྱས་ཡོང་བ་དང་། ང་ཚོའི་ཏང་ཡར་རྒྱས་ཡོང་བ། ང་ཚོའི་རྒྱལ་ཁབ་ཡར་རྒྱས་ཡོང་བ། ང་ཚོའི་མི་རིགས་ཡར་རྒྱས་ཡོང་བ་བཅས་བྱེད་པར། ངེས་པར་དུ་སློབ་སྦྱོང་གི་སྲོལ་བཟང་དར་སྤེལ་བཏང་ནས་སློབ་སྦྱོང་དང་། སློབ་སྦྱོང་། སླར་ཡང་སློབ་སྦྱོང་བཅས་མཐའ་འཁྱོངས་དང་། ལག་ལེན་དང་། ལག་ལེན། སླར་ཡང་ལག་ལེན་བཅས་མཐའ་འཁྱོངས་བྱེད་དགོས”བརྗོད་དོན་གཙོ་བོའི་སློབ་གསོ་གོ་སྐབས་སུ་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཁྲོད་ནས་འབད་འབུངས་ཡར་བརྩོན་གྱི་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱས་ཏེ། སྦྱངས་པ་དང་རྟོགས་པ་དག་རྙོག་འཛིང་ཆེ་བའི་གནད་དོན་སྣ་ཚོགས་ཐག་གཅོད་དང་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་གཅོག་པའི་ནུས་པ་དང་། འབད་འབུངས་ཡར་བརྩོན་དང་རང་འགན་ཐེག་པ་འཁུར་ལེན་གྱི་བསམ་བློའི་སྙིང་སྟོབས། རྒྱང་ལམ་གསར་པར་འབད་འབུངས་ཀྱིས་དུས་རབས་གསར་པར་བྱས་རྗེས་འཇོག་པའི་ཏན་ཏིག་གི་བྱ་སྤྱོད་དངོས་བཅས་ལ་བསྒྱུར་ཚེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རླབས་ཆེན་ལག་ལེན་ཁྲོད་འོད་སྟོང་འཕྲོ་བའི་ལེའུ་གསར་པ་རྩོམ་ཐུབ་ངེས་དང་བྱས་རྗེས་གསར་པ་གཏོད་ཐུབ་ངེས་རེད།