“ཀྲུང་གོའི་དཔེ་སྒྲོམ”མ་ལེ་ཞི་ཡའི་ས་ཆ་མང་པོར་བཙུགས་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཁཱ་ལ་ལུམ་ཕུར་ནས་ཟླ་5ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཚེས་26ཉིན། ཀྲུང་གོའི་ཕུལ་བྱུང་དཔེ་དེབ་ཕྱི་རྒྱལ་དུ་ཁྱབ་གདལ་གཏོང་བའི་རྣམ་གྲངས“ཀྲུང་གོའི་དཔེ་སྒྲོམ”མ་ལེ་ཞི་ཡར་མཉམ་དུ་བཙུགས་པའི་སྒོ་བྱང་གི་ཡོལ་བ་ཕྱེ་བའི་མཛད་སྒོ་མ་ལེ་ཞི་ཡའི་དམངས་ཚོགས་དཔེ་དེབ་ཅུས་མཱ་ལིའུ་ཅཱ་ཧོང་ཀོན་པའེ་ལིས་ཚོང་ཁང་ཨ་མར་བདེ་བླག་ངང་གཉེར་ཞིང་། “ཀྲུང་གོའི་དཔེ་སྒྲོམ”གྱི་རྣམ་གྲངས་དེ་ཉེ་དུས་མཱ་ལིའུ་ཅཱ་ཚུད་པའི་མ་ལེ་ཞི་ཡའི་ས་ཆ་མང་པོར་འཛུགས་ཀྱི་ཡོད།
ད་ཐེངས་ཀྱི“ཀྲུང་གོའི་དཔེ་སྒྲོམ”འགྲེམས་ཚོང་ཁག་དང་པོར《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དང《ཀྲུང་གོ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་སྟེ། ཐུན་མོང་གི་རིན་ཐང་ལྟ་བ་དང་དམིགས་ཚད་ཀྱི་དཔྱད་བསྡུར》 《གསུང་རབ》 《སྐྱེ་བོ་ཕལ་པའི་འཇིག་རྟེན》སོགས་ཕྱི་རྒྱལ་སྐད་ཡིག་དཔེ་སྐྲུན་ཁང་དང་། གླིང་ལྔ་ཁྱབ་སྤེལ་དཔེ་སྐྲུན་ཁང་། རྒྱ་སྐད་སློབ་ཁྲིད་དཔེ་སྐྲུན་ཁང་སོགས་ཀྱི་དེབ་རིགས་500ཙམ་དང་དཔེ་དེབ་སྤུས་དག་2000ལྷག་ཙམ་ཚུད་ཡོད་ལ། ཀྲུང་གོའི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སྒྱུ་རྩལ་སོགས་ཁྱབ་ཁོངས་མང་པོ་ཞིག་ཚུད་ཡོད་པ་དེས་ས་གནས་དེ་གའི་དམངས་ཚོགས་ལ་ཕྱོགས་ཡོངས་ནས་ཀྲུང་གོ་ཤེས་རྟོགས་བྱེད་པའི་སྐར་ཁུང་ཞིག་མཁོ་འདོན་བྱས་ཡོད།
“ཀྲུང་གོའི་དཔེ་སྒྲོམ”ནི་ཀྲུང་གོ་དཔེ་དེབ་ཕྱིར་གཏོང་ནང་འདྲེན(ཚོགས་པ)ཚད་ཡོད་ཀུང་སི་སོགས་ཀྲུང་གོའི་དཔེ་དེབ་ཕྱིར་གཏོང་ནང་འདྲེན་ཁེ་ལས་ཀྱིས་གཉེར་འགན་ཁུར་ནས་ལག་བསྟར་བྱས་པའི་དཔེ་དེབ་ཁྱབ་གདལ་གཏོང་བའི་རྣམ་གྲངས་གལ་ཆེན་ཞིག་ཡིན་ཞིང་། གོ་ལ་ཧྲིལ་པོའི་རྒྱལ་ཁབ་ཁག་གི་གྲགས་ཅན་དེབ་ཁང་དང་། དཔེ་མཛོད་ཁང་། སྒྱུ་རྩལ་ཁང་། དེ་བཞིན་རིག་གནས་སྒྲིག་གཞི་བཅས་བརྒྱུད་དེང་རབས་ཀྱི་ཀྲུང་གོ་དང་། སྲོལ་རྒྱུན་རིག་གནས། རྩོམ་རིག་སོགས་མཚོན་པའི་དཔེ་དེབ་གཅིག་སྡུད་འགྲེམས་སྟོན་བྱས་ནས་ས་གནས་དེ་གའི་ཀློག་པ་པོས་ཀྲུང་གོ་ཤེས་རྟོགས་བྱེད་པའི་དགོས་མཁོ་སྐོང་གི་ཡོད་པ་རེད།