དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • མངའ་རིས་ས་ཁུལ་རུ་ཐོག་རྫོང་གིས“ཁེ་ལས་ཁྲིས་གྲོང་ཚོ་ཁྲི་དར་རྒྱས་གཏོང་བའི”འབྲེལ་མཐུད་རོགས་སྐྱོར་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-05-29

    “ཁེ་ལས་ཁྲིས་གྲོང་ཚོ་ཁྲི་དར་རྒྱས་གཏོང་བ”དང“དམངས་གཉེར་ཁེ་ལས་མཐའ་མཚམས་སུ་སྐྱོད་པའི”བྱ་སྤྱོད་གཏིང་ཟབ་སྤེལ་ནས་མངའ་རིས་ཀྱི་གྲོང་གསེབ་དར་རྒྱས་དང་། ཚོང་འགུགས་མ་འདྲེན། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པར་སྐུལ་འདེད་གཏོང་ཆེད། ཉེ་ཆར་མངའ་རིས་རུ་ཐོག་རྫོང་གིས“ཁེ་ལས་ཁྲིས་གྲོང་ཚོ་ཁྲི་དར་རྒྱས་གཏོང་བའི”འབྲེལ་མཐུད་རོགས་སྐྱོར་བྱེད་སྒོ་སྤེལ་ནས་ཧོ་པེ་ནས་ཡིན་པའི་དམངས་གཉེར་ཁེ་ལས་མཁས་ཅན་8ལ་སྣེ་ལེན་ཞུས་པ་རེད།

    བྱེད་སྒོ་སྤེལ་རིང་། ཁེ་ལས་མཁས་ཅན་དང་བཅས་པས་སྔ་རྗེས་སུ་དབུས་བྱང་གྲོང་ཚོ་དང་། སྡེ་རུབ་གྲོང་ཚོ། ལྕགས་སྒང་གྲོང་ཚོ་བཅས་སུ་ས་གནས་ས་ཐོག་ཏུ་བརྟག་ཞིབ་བྱས་ནས་གྲོང་ཚོ་ཁག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་དེ་བཞིན་གྲོང་ཚོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་མ་ཟད། རུ་ཐོག་རྫོང་གི་ཁུ་ལུའི་མཛོད་ཁང་དང་། དབུས་བྱང་གྲོང་ཚོའི་སྡོང་ཕྲུག་ར་བ་3པ། སྡེ་རུབ་གྲོང་ཚོའི་ཚོང་འགུགས་མ་འདྲེན་རྣམ་གྲངས་བཅས་ལ་རྟོག་ཞིབ་བྱས་པ་དང་འབྲེལ། དབུལ་སྒྲོལ་དུད་ཚང་170ལ་རིན་ཐང་སྒོར་ཁྲི་3.5ཟིན་པའི་འབྲས་དང་། གྲོ་ཞིབ། རྩམ་པ་སོགས་དངོས་ཟོག་ཞལ་འདེབས་བརྒྱབ་པ་རེད།

    བཞུགས་མོལ་ཚོགས་འདུར་མངའ་རིས་ས་ཁུལ་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་རུ་ཐོག་རྫོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུས་མངའ་རིས་ས་ཁུལ་གྱི“ཁེ་ལས་བརྒྱས་གྲོང་ཚོ་བརྒྱ་དར་རྒྱས་གཏོང་བའི”བྱ་སྤྱོད་དང་དེ་བཞིན་ཧོ་པེའི་ཀྲུང་ཅི་གྲོང་གསེབ་དར་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱི་ཞལ་འདེབས་དངུལ་སྒོར་ཁྲི་32བེད་སྤྱོད་བྱས་ཚུལ་ངོ་སྤྲོད་བྱས་པ་རེད།

    ཧོ་པེ་རུན་ཧྲི་ཚོགས་པས་རང་འགུལ་ངང་ཁུལ་པ་གྲོང་ཚོའི་རོགས་སྐྱོར་ལས་དོན་ལ་ཞུགས་པའི་རེ་བ་བཏོན་པ་དང་རྫོང་ཁག་ལ་ཞིང་ལས་ཐོན་རྫས་རིམ་སྤོར་དང་བྲིན་ཚོང་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པར་རོགས་རམ་དང་། ཧྲི་ཅ་ཀྲོང་དང་ལྷ་སའི་ཡན་ལག་ཀུང་སིས་ལས་གནས་མཁོ་འདོན་བྱས་ནས་སློབ་ཆེན་སློབ་མའི་ལས་ཞུགས་ལ་རོགས་རམ། ཁུལ་པ་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི་ནང་སར་སློབ་སྦྱོང་དང་ལྟ་སྐོར་བྱེད་པར་གདན་དྲངས་ནས་མཐོང་རྒྱ་ཆེ་རུ་བཏང་སྟེ་བསམ་བློར་བཅིངས་འགྲོལ་ཐུབ་པ་བཅས་བྱེད་ཀྱི་ཡིན་ཞེས་བཤད་པ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།