དབུ་ཤོག>གསར་འགྱུར།
  • ཁྲུང་ཁྲུང་སྐེ་ནག་སྲུང་སྐྱོང་ལས་ལ་བྲེལ། སྲོག་ཆགས་གསའ་ཡི་རྗེས་ཤུལ་འཚོལ་བར་སྙེག

    ——གཞི་རིམ་གྱི་སྲུང་སྐྱོང་བས་གཙང་གསུམ་ཆུ་འགོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་ཕན་འབྲས་ལ་དཔང་པོ་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-05-29

    རྒྱང་རིང་ན་ཅི་དགར་རོལ་བའི་ཁྲུང་ཁྲུང་སྐེ་ནག་གི་ཁྱུ་ཚོར་ཅེ་རེར་ལྟ་བཞིན་ངག་དབང་ཚེ་རིང་གིས་གོམ་པ་སྤོ་མཚམས་དལ་དུ་བཏང་ནས་ཁྲུང་ཁྲུང་སྐེ་ནག་ལ་གྲངས་ཀ་རྒྱག་བཞིན“དབྱར་ཐོག་མའི་དུས་ནི་ཁྲུང་ཁྲུང་སྐེ་ནག་གི་རྒྱུད་སྤེལ་དུས་ཚིགས་ཡིན་ཞིང་། གཙང་གསུམ་ཆུ་འགོའི་དབུས་ཀྱི་འདམ་ར་དང་ན་འདམ་དག་འདབ་ཆགས་ཀྱི‘ཞིང་ཁམས’ལྟ་བུར་གྱུར་ཡོད”ཅེས་བཤད།

    ལོ་36ལ་སླེབས་པའི་ངག་དབང་ཚེ་རིང་ནི་མཚོ་སྔོན་རོང་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་འདམ་རའི་སྐྱེ་ཁམས་བདག་སྐྱོང་བ་ཡིན་ཞིང་། སྲུང་སྐྱོང་ཁུལ་དེ་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡུལ་ཤུལ་གྲོང་ཁྱེར་རོང་པོ་གྲོང་རྡལ་དུ་གནས་ཡོད། དེ་གར་ཆ་སྙོམས་ས་བབ་མཐོ་ཚད་སྨི་4200ཟིན་ནས་འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་ས་མཐོའི་འདམ་རའི་གྲས་ཤིག་རེད་ལ། རང་རྒྱལ་གྱིས་བསྐྲུན་པའི་ཁྲུང་ཁྲུང་སྐེ་ནག་དང་དེའི་རྒྱུད་སྤེལ་སྲུང་སྐྱོང་ཁུལ་དང་པོ་རེད།

    རོང་པོ་འདམ་རར་སྐྱོད་སྐབས་ཁྲུང་ཁྲུང་སྐེ་ནག་ཆ་དང་ཆ་འགྲིག་ནས་འདམ་རའི་ནང་ཅི་དགར་རོལ་བ་དང་། ཁྲུང་ཁྲུང་མགོ་ཁྲ་དང་ངུར་བ་སོགས་འདབ་ཆགས་ཀྱི་ཚོགས་རྣམས་འཕུར་ལྡིང་བྱེད་བཞིན་ཡོད་ཅིང་། ད་ཆ་དེ་གར་ས་མཐོའི་འདབ་ཆགས་ཀྱི་ཞིང་ཁམས་ཞིག་ཡིན། རོང་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ས་ཚིགས་ཀྱི་ཀྲན་ཀྲང་པ་སངས་ཚེ་རིང་གིས་ས་ཚིགས་བཙུགས་ནས་ལོ་30ལྷག་ཙམ་སོང་རིང་སྲུང་སྐྱོང་ཁུལ་གྱི་འདབ་ཆགས་ཀྱི་རིགས་ཐོག་མའི་རིགས་12དང་། ནང་ཚན་20 སྣ་ཁ་30བཅས་ནས་ད་ཆའི་རིགས་17དང་། ནང་ཚན་39 སྣ་ཁ་138བཅས་བར་མང་དུ་སོང་ཡོད་ཅེས་བཤད།

    ངག་དབང་ཚེ་རིང་གི་ཁྱིམ་རོང་པོ་གྲོང་རྡལ་མཚོ་སྨད་གྲོང་ཚོར་གནས་པ་དང་གྲོང་ཚོ་དེ་ཉིད་རོང་པོ་འདམ་རའི་འགྲམ་དུ་གནས་ཤིང་། ཁོང་ཆུང་དུས་ནས་ཁྲུང་ཁྲུང་སྐེ་ནག་དང་འབྲེལ་འདྲིས་ཆེན་པོ་ཡོད། ལོ་བཞིའི་གོང་སྲིད་གཞུང་གིས་ཁོང་སྐྱེ་ཁམས་བདག་སྐྱོང་བར་བསྐོས་ཚུན་རྒྱུན་གཏན་གྱི་སྐོར། སྲུང་ནས་འདབ་ཆགས་ལ་ལྟ་ཞིབ་བྱེད་པའི་བར་ནང་མིར་ལྟ་སྐྱོང་བྱེད་པ་ལྟར་འདབ་ཆགས་འདི་དག་སྲུང་སྐྱོང་བྱེད་ཀྱི་ཡོད།

    དཔྱིད་ཐོག་མའི་དུས་སུ་ཁྲུང་ཁྲུང་སྐེ་ནག་གི་ཁྱུ་ཚོ་ཡུན་ནན་གྱི་ནགས་ཕག་མཚོ་དང་བོད་ཀྱི་ཡར་ཀླུང་གཙང་པོ་སོགས་ནས་རོང་པོར་འཕུར་ཡོང་གི་ཡོད། དེ་དུས་ངག་དབང་ཚེ་རིང་བྲེལ་འཚུབ་ཆེ་ཤོས་རེད། ཉིན་ལྟར་འདབ་ཆགས་ཀྱི་རིམས་ནད་འགོ་ཁུངས་ལྟ་ཞིབ་ཚད་ལེན་ཡག་པོ་བྱེད་དགོས་པ་ཕུད། ད་དུང་འདམ་རའི་ཁྲུང་ཁྲུང་སྐེ་ནག་གི་སྲུང་སྐྱོང་ཁུལ་དུ་མི་ཡོང་མཁན་བཀག་འགོག་བྱེད་དགོས། རྨས་སྐྱོན་ཕོག་པའི་ཁྲུང་ཁྲུང་སྐེ་ནག་སྐྱོབ་བཅོས་བྱ་ཆེད། སྐབས་རེ་བདག་སྐྱོང་བ་དར་ཆགས་པའི་མཚོའི་ནང་དུའང་འཛུལ་དགོས་ཀྱི་ཡོད། ས་མཐོའི་ཁ་ཆར་བུ་ཡུག་དང་ཡུན་རིང་ཕྱི་རོལ་དུ་ལས་ཀ་སྒྲུབ་དགོས་སྟབས་ཁོང་ཚོའི་ངོ་གདོང་སྨུག་པོར་གྱུར་ཡོད།

    པ་སངས་ཚེ་རིང་གིས་ད་ཆ་སྲུང་སྐྱོང་བྱེད་ཐབས་ཁག་དོན་འཁྱོལ་ཟམ་མི་ཆད་པར་བྱས་པ་དང་བསྟུན་ནས་སྲུང་སྐྱོང་ཁུལ་དུ་ཁྲུང་ཁྲུང་སྐེ་ནག་གི་གྲངས་འབོར་ཐོག་མའི་བཅུ་གྲངས་ནས་ད་ཆའི་200ལྷག་ཙམ་བར་མང་དུ་ཕྱིན་པ་དང་ཁྲུང་ཁྲུང་མགོ་ཁྲའི་གྲངས་འབོར་ཡང་མང་ཤོས་སྐབས་སུ་ཁྲི་ལྷག་ཟིན་གྱི་འདུག འདི་ལོ་རོང་པོ་རང་བྱུང་སྲུང་སྐྱོང་ཁུལ་རྒྱལ་སྤྱིའི་འདམ་ར་གལ་ཆེན་ནང་བདེ་བླག་ངང་ཚུད་པས་སྲུང་སྐྱོང་ཁུལ་གྱི་འདམ་རའི་སྐྱེ་ཁམས་མ་ལག་དང་སྐྱེ་དངོས་སྣ་མང་རང་བཞིན་ལ་ཁྱོན་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་སྲུང་སྐྱོང་ཐུབ་ཀྱི་རེད་ཅེས་བཤད།

    མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་ལི་ཞའོ་ནན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཀྲུང་གོས་ཐོག་མར་ཚོད་ལྟ་འཛུགས་སྐྲུན་བྱས་པ་ནས་ཁག་དང་པོའི་རྒྱལ་ཁབ་སྤྱི་གླིང་བསྐྲུན་པའི་བར་མིག་སྔར་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་ནང་གི་སྐྱེ་དངོས་སྣ་མང་རང་བཞིན་ཉིན་བཞིན་ཕུན་སུམ་ཚོགས་སུ་འགྲོ་བཞིན་ཡོད་པ་རེད།

    རང་བྱུང་ཉམས་ལེན་ཡུལ་སྐོར་བར་སྐྱེལ་མ་ཞུས་རྗེས། འབྲོག་པ་ཚེ་རིང་ཉི་མས་གྲོག་རོང་ནས་དྲག་ཏུ་རྒྱུག་པའི་རྫ་ཆུར་ལྟ་བཞིན་པར་ཆས་ཁྱེར་ཏེ་སླར་ཡང་རི་བོར་འཛེགས། “གནམ་གཤིས་རིམ་གྱིས་དྲོ་རུ་ཕྱིན་པ་དང་བསྟུན་ནས་རི་སྐྱེས་སྲོག་ཆགས་སྣ་ཚོགས་ཀྱང་རིམ་གྱིས་མང་དུ་ཕྱིན་པ་དང་། གསའ་ཡང་རྟག་ཏུ་མཐོང་རྒྱུ་འདུག”

    ཚེ་རིང་ཉི་མ་ནི་ཡུལ་ཤུལ་ཀྲོའུ་རྫ་སྟོད་རྫོང་རྣམ་སྲས་ཤང་རས་ཁྱིམ་གྲོང་ཚོ་ནས་ཡིན་པ་དང་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་རྫ་ཆུའི་ཆུ་འགོ་གླིང་གི་སྐྱེ་ཁམས་བདག་སྐྱོང་བ་ཞིག་རེད། རྣམ་སྲས་ཤང་ལ་རང་བྱུང་ཉམས་ལེན་ཚོད་ལྟའི་ཚོང་གཉེར་གྱི་དམིགས་བསལ་ཆོག་འཐུས་ཐོབ་རྗེས་ཚེ་རིང་ཉི་མའི་ཁྱིམ་སྣེ་ལེན་ཁྱིམ་ཚང་ཞིག་ཏུ་གྱུར་ཞིང་། ཁོང་གིས་ཡུལ་སྐོར་བ་ཁྲིད་དེ་རང་བྱུང་ཁམས་དང་ཉེ་བར་བཅར་ནས་རི་སྐྱེས་སྲོག་ཆགས་ཀྱི་འཚོ་གནས་མྱོང་རོལ་བྱེད་ཀྱི་ཡོད་པས་ལོ་ལྟར་ཡོང་འབབ་མི་ཉུང་བ་ཞིག་ཡོད།

    གསའ་འཚོལ་བ་དང་། ཤེས་བྱ་གསལ་འགྲེལ་བྱེད་པ། སྐོར་སྐྱོད་སྲུང་སྐྱོང་དང་ལྟ་ཞིབ་ཚད་ལེན་བྱེད་པ་སོགས་ལོ་འགའ་ཤས་ནང་ཚེ་རིང་ཉི་མ་གསའ་ལ་ཞིབ་འཇུག་བྱེད་མཁན་གྱི་རིགས་གཅིག་མཁས་ཅན་ཞིག་ལ་གྱུར་ནས་རི་སྐྱེས་སྲོག་ཆགས་ཀྱི་སྐྱེ་ཁམས་འཁོར་འབྲེལ་འཕེལ་རྒྱས་བཟང་པོ་འགྲོ་བའི་འགྱུར་ལྡོག་ཚང་མ་ཁོང་གིས་མིག་མཐོང་ལག་ཟིན་བྱུང་ཡོད། “རྩྭ་ཡག་པོ་སྐྱེས་ན་གནའ་བ་མང་དུ་འགྲོ་སྲིད། གནའ་བ་མང་དུ་ཕྱིན་ན་གསའ་ཡི་ཁྱུ་ཚོགས་ཀྱང་རིམ་གྱིས་མང་དུ་འགྲོ་ངེས་རེད། ད་ཆ་གང་ས་གང་ནས་གསའ་ལ་པར་རྒྱག་ཐུབ”

    གྲངས་གཞི་ལས་མངོན་པར། རྣམ་སྲས་ཤང་ནས་གསའ་80ལྷག་ཙམ་ལྟ་ཞིབ་ཚད་ལེན་ཐུབ་པ་དང་། གཟིག་ཁྲ་ཐིག་ཅན་དང་། དབྱི། ཤ་བ་མཆུ་དཀར་སོགས་རི་སྐྱེས་སྲོག་ཆགས་ཀྱང་དེ་ཁུལ་དུ་འཚོ་སྡོད་བྱེད་ཅིང་། རྫ་ཆུའི་ཆུ་འགོ་ནི་སྲོག་ཆགས་ཀྱི་ཞིང་ཁམས་སུ་གྱུར་ཡོད།

    མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་སྤྱི་ཁྱབ་བཟོ་བཀོད་ཆེ་མོ་བ་ཐེན་ཅན་གྱིས་མིག་སྔར་མཚོ་སྔོན་གྱི་རི་སྐྱེས་སྲོག་ཆགས་85%ཙམ་གྱི་འཚོ་སྡོད་བྱེད་ས་རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་བྱེད་ཁོངས་སུ་བཅུག་པས། རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་མ་ལག་གལ་ཆེན་དང་། རང་བྱུང་རྗེས་ཤུལ། རང་བྱུང་མཛེས་ལྗོངས། སྐྱེ་དངོས་སྣ་མང་རང་བཞིན་བཅས་ལ་གདོད་མའི་རང་བཞིན་དང་མ་ལག་རང་བཞིན་གྱི་སྲུང་སྐྱོང་ཐུབ་ཡོད་ཅེས་བཤད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།