དབུ་ཤོག>གསར་འགྱུར།
  • ཀྲུང་ལུགས་གསོ་རིག་གིས་མི་སེམས་ལ་དྲོ་སྐྱིད་སྦྱིན།

    ——མར་ཐར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་གིས“རྒྱུད་གཅིག་ལམ་གཅིག”གི་རྣམ་གྲངས་སྐྲུན་མཁན་ལ་འོས་འགན་སྨན་བཅོས་བྱས་པའི་སྐོར་བཀོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-05-29

    ཚེས་12ཉིན་གྱི་ཕྱི་དྲོར། ས་དབུས་རྒྱ་མཚོའི་ས་ཁུལ་གྱི་ཀྲུང་ལུགས་གསོ་རིག་ལྟེ་གནས་ཀྱི་མར་ཐར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་ཁག་18པ་ཏེ་ལི་མཱ་ལཱ་འབར་རླངས་གློག་ཁང་དུས་ཐེངས་གསུམ་པའི་གཞུང་དོན་བསྒྲུབ་ཡུལ་དུ་འོས་འགན་སྨན་བཅོས་ཀྱི་ཞབས་འདེགས་ཞུ་བར་སླེབས་པས། ས་གནས་དེ་གའི་ལས་བཟོར་དགའ་ཚོར་ཆེན་པོ་བྱུང་ནས་གཅིག་མཇུག་གཉིས་མཐུད་ངང་ཀྲུང་ལུགས་གསོ་རིག་གི་སྨན་བཅོས་བྱེད་པར་སླེབས།

    ཏེ་ལི་མཱ་ལཱ་འབར་རླངས་གློག་ཁང་དུས་ཐེངས་གསུམ་པ་ནི་ཧྲང་ཧའེ་གློག་ཤུགས(མར་ཐ)མ་རྐང་ཚོད་འཛིན་ཚད་ཡོད་ཀུང་སིས་མ་རྐང་ཚོད་འཛིན་གྱིས་གཉེར་སྐྱོང་བྱས་པ་ཞིག་ཡིན་པ་དང་། དེ་ནི་ཧྲང་ཧའེ་གློག་ཤུགས་མ་རྐང་ཚད་ཡོད་ཀུང་སིས་མར་ཐར་མ་དངུལ་བཏང་ནས་བསྐྲུན་པའི“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་རྣམ་གྲངས་གལ་ཆེན་ཞིག་རེད།

    འོས་འགན་སྨན་བཅོས་མ་བྱས་གོང་སྨན་བཅོས་རུ་ཁག་གི་རུ་མི་སྨན་པ་ཤིང་ཞུའེ་མེ་ཡིས་དེ་གར་ཡོད་པའི་ལས་བཟོར་མཇིང་ཚིགས་དང་སྒལ་ཚིགས་ནད་ཀྱི་བདེ་ཐང་སླར་གསོའི་སྨན་བཅོས་ཐད་ཀྲུང་ལུགས་གསོ་རིག་གི་འཆད་ཁྲིད་སྟབས་བདེ་ཞིག་བྱས་པ་རེད། ཕྱི་རྒྱལ་གྱི་ལས་བཟོ་བ་གཉིས་ཀྱིས་སྨན་པའི་མཛུབ་ཁྲིད་ལ་གཞོགས་འདེགས་ཧུར་ཐག་བྱས་ནས་སྦྱོང་བརྡར་བྱེད་སྟངས་དཔེ་སྟོན་བྱས་པ་རེད།

    “སྨན་པས་ཉིན་འགའ་སོང་རྗེས་ངའི་མཇིང་ཚིགས་ཀྱི་ན་ཟུག་ཆུང་དུ་འགྲོ་གི་རེད་ཅེས་བཤད་བྱུང་། ཡིན་ནའང་ད་ལྟ་ནས་ངའི་ན་ཟུག་མངོན་གསལ་དོད་པོས་ཆུང་དུ་ཕྱིན་སོང་། འདི་དངོས་གནས་ངོ་མཚར་ཆེན་པོ་འདུག”ཅེས་མར་ལི་ཨའོ·པོ་ཆིས་བཤད། མ་གཞི་ཁོང་གློག་ཁང་དུས་ཐེངས་གསུམ་པར་ལས་ཀ་བྱས་ནས་ལོ་4སོང་ཞིང་། ཀྲུང་ལུགས་གསོ་རིག་གི་སྐོར་གོ་ཐོས་བྱུང་ཡོད་ཀྱང་སྨན་བཅོས་ལ་ཉམས་ལེན་བྱེད་ཐེངས་དང་པོ་རེད། ཁོང་གིས་ཀྲུང་གོའི་ལས་རོགས་དང་མཉམ་དུ་ལས་ཀ་བྱེད་སྐབས་སྐྱིད་པོ་འདུག ཀུང་སི་རུ་ཀྲུང་གོའི་དཔྱིད་གསར་དུས་ཆེན་ལ་ཉམས་ལེན་བྱས་པ་ཡིན་ལ་ཀྲུང་གོའི་ཞིམ་ཟས་ཀྱང་བཟས་པ་ཡིན། དེས་མ་ཚད་ད་དུང་རྒྱ་ཡིག་སྟབས་བདེ་འགའ་ཞིག་ཤེས་བྱུང་ཞེས་བཤད།

    གློག་ཁང་དུ་ལས་ཀ་བྱེད་མཁན་ཕྱི་རྒྱལ་གྱི་ལས་བཟོ་ལེ་ནཱ་ཐཱ·ཤིས་པེར་གྱིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། “སྨན་པས་ང་ལ་བྱུག་པ་རྒྱག་སྐབས་ཧ་ཅང་སྐྱིད་པོ་བྱུང”ད་ཐེངས་ཀྱི་སྨན་བཅོས་གོ་སྐབས་འདི་འདྲ་ཐོབ་དཀའ་བ་ཞིག་ཡིན་ལ་སྨན་པའི་འཆད་ཁྲིད་ལ་བག་ཆགས་ཟབ་མོ་བྱུང་། གལ་སྲིད་སླད་ཕྱིན་གོ་སྐབས་བྱུང་ཚེ་ངས་ད་དུང་ཀྲུང་ལུགས་གསོ་རིག་གི་སྨན་བཅོས་དང་ལེན་བྱེད་ཀྱི་ཡིན་ཞེས་བཤད།

    ཉིན་དེའི་འོས་འགན་སྨན་བཅོས་བྱེད་སྒོས་ཀྱང་ས་གནས་དེ་གའི་རྒྱལ་སྤྱིའི་ནུས་རྒྱུ་ཞབས་ཞུ་ལྟེ་གནས་ཀུང་སིའི་མིའང་སྨན་པ་བསྟེན་པར་སླེབས། ཀུང་སི་དེའི་ཏུང་ཧྲི་ཀྲང་གཡོད་ཧན·ཀྲ་སྨི་ཐེ་རྟག་ཏུ་མཇིང་ཚིགས་ན་གི་ཡོད་རྐྱེན། སྔ་ས་ནས་འོས་འགན་སྨན་བཅོས་བྱ་ཡུལ་དུ་ཡོང་སྟེ་འཆད་ཁྲིད་ཉན་པ་མ་ཟད། ད་དུང་ས་གནས་ས་ཐོག་ཏུ་གསེར་ཁབ་དང་མེ་བུམ་གྱི་སྨན་བཅོས་ཀྱང་དང་ལེན་བྱས་པ་རེད།

    “དེ་རིང་ངས་ཀྲུང་ལུགས་གསོ་རིག་གི་སྨན་པ་བསྟེན་ཐེངས་དང་པོ་ཡིན། ཧ་ཅང་ཡག་པོ་འདུག”ཅེས་ཀྲ་སྨི་ཐེས་སྨན་བཅོས་རུ་ཁག་གི་རུ་དཔོན་ཏུང་ཞའོ་ཡན་གྱི་སྨན་བཅོས་དང་ལེན་བྱེད་བཞིན་དུ་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་འདི་ལྟར་བཤད། ཁོང་གིས་ཀྲུང་གོའི་སྨན་བཅོས་རུ་ཁག་ས་གནས་ས་ཐོག་ཏུ་འཆད་ཁྲིད་དང་འོས་འགན་སྨན་བཅོས་བྱེད་པར་སླེབས་པ་དེ་ནི་ཀྲུང་ལུགས་གསོ་རིག་ཤེས་རྟོགས་དང་ཀྲུང་ལུགས་གསོ་རིག་ཉམས་ལེན་བྱེད་པའི་གོ་སྐབས་བཟང་པོ་ཞིག་ཡིན་པས་ཚང་མར་ཕན་པ་ཆེན་པོ་ཐོབ་ཡོད། སྨན་པ་ཚོས་དཀའ་ལས་བརྒྱབ་པར་ཐུགས་རྗེ་ཆེ་ཞུ་ཞེས་བཤད།

    ཏུང་ཞའོ་ཡན་གྱིས་གསར་འགོད་པར་མར་ཐར་རོགས་སྐྱོར་བྱེད་མཁན་སྨན་བཅོས་རུ་ཁག་ནི་རྒྱལ་ཁབ་རིམ་པའི་ངོས་ནས་ཡོ་རོབ་ལ་མངགས་པའི་ཀྲུང་ལུགས་གསོ་རིག་རུ་ཁག་གཅིག་པུ་དེ་རེད། “རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་ཀྱི་རྒྱལ་ཁབ་དང་རྣམ་གྲངས་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བ་ནི་ཀྲུང་ལུགས་གསོ་རིག་དང་སྨན་རྫས་ཕྱིར་སྐྱོད་པར་སྐུལ་འདེད་གཏོང་བ་ཞིག་རེད། ཉེ་བའི་ལོ་ཤས་རིང་མར་ཐའི་དམངས་ཚོགས་ཀྱིས་ཀྲུང་ལུགས་གསོ་རིག་དང་སྨན་རྫས་དང་ལེན་བྱེད་ཤུགས་ཉིན་བཞིན་ཆེ་རུ་ཕྱིན་ནས་ཀྲུང་ལུགས་གསོ་རིག་ས་གནས་དེ་གའི་ནད་པ་མི་ཉུང་བ་ཞིག་གི་གདམ་ག་གསར་པ་ཞིག་ཏུ་གྱུར་པ་མ་ཟད། ཐ་ན་ས་གནས་དེ་གའི་སྨན་ཁང་གི་སྨན་པ་མི་ཉུང་བ་ཞིག་གིས་ཀྱང་རང་འགུལ་ངང་ནད་པར་ཀྲུང་ལུགས་གསོ་རིག་གི་སྨན་བཅོས་འོས་སྦྱོར་བྱེད་ཀྱི་ཡོད། དེ་ནི་སྨན་བཅོས་རུ་ཁག་གིས་རྟག་ཏུ་རིག་གཞུང་སྤེལ་རེས་དང་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་ནས་ས་གནས་དེ་གའི་དམངས་ཚོགས་ལ་ཀྲུང་ལུགས་གསོ་རིག་གི་རིག་གནས་ཤེས་སུ་འཇུག་པ་དང་ཁ་འབྲལ་ཐབས་མེད་པ་ཞིག་རེད། ས་དབུས་རྒྱ་མཚོའི་ས་ཁུལ་གྱི་ཀྲུང་ལུགས་གསོ་རིག་ལྟེ་གནས་ནི་ཁོ་ཚོས་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཤེས་རྟོགས་བྱེད་པའི་སྐར་ཁུང་ཞིག་ཏུ་གྱུར་ཡོད་ཅེས་བརྗོད།

    ས་དབུས་རྒྱ་མཚོའི་ས་ཁུལ་གྱི་ཀྲུང་ལུགས་གསོ་རིག་ལྟེ་གནས་1994ལོར་ཀྲུང་གོ་དང་མར་ཐ་སྲིད་གཞུང་གིས་མཉམ་དུ་བཙུགས་པ་དང་ཅང་སུའུ་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྨན་བཅོས་རུ་ཁག་མངགས་ནས་སྨན་བཅོས་ལས་དོན་སྤེལ་བ་ཞིག་རེད། 2008ལོར་ཀྲུང་ལུགས་གསོ་རིག་ལྟེ་གནས་ཀྱིས་མར་ཐའི་གཞུང་བཙུགས་ཧྲེང་མུའུ་སྨན་ཁང་དུ་ཀྲུང་ལུགས་གསོ་རིག་ཁོའོ་བཙུགས་ཡོད། མིག་སྔའི་བར་ཀྲུང་གོས་མར་ཐེར་རོགས་སྐྱོར་བྱེད་མཁན་སྨན་བཅོས་རུ་ཁག་ཁག་18མངགས་པར་རིམ་རྩིས་བྱས་ན་ནད་པ་མི་ཐེངས་ཁྲི་25ཙམ་ལ་སྨན་བཅོས་བྱས་ཡོད་པ་རེད།


མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།