ཉེ་ཆར། ཀྲུང་གོ་འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་ཀྲུང་གོས་ཨུ་རུ་སུ་ཧྥུའུ་ལཱ་ཏི་ཝོ་སི་ཐོ་ཁེ་གྲུ་ཁ་རྒྱལ་ནང་ཚོང་དོན་དངོས་ཟོག་རྒྱལ་སྒྲོལ་སྐྱེལ་འདྲེན་གྱི་བར་འགྲིམ་གྲུ་ཁར་གཏན་འཁེལ་བའི་ཁྱབ་བསྒྲགས་བྱས་པ་ལས། ཀྲུང་གོའི་བྱང་ཤར་སྐམ་སའི་ས་ཁུལ་ནས་མཚོ་ལམ་བཏོད་པ་མཚོན་ཡོད།
ཉིན་ཤས་གོང་། ཀྲུང་གོ་འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས《ཅི་ལིན་ཞིང་ཆེན་གྱི་རྒྱལ་ནང་ཚོང་དོན་དངོས་ཟོག་རྒྱལ་སྒྲོལ་སྐྱེལ་འདྲེན་ལས་སྒོའི་ཁྱབ་ཁོངས་སྔར་བས་རྒྱ་ཆེར་གཏོང་རྒྱུའི་སྐོར་གྱི་སྤྱི་བསྒྲགས》ཁྱབ་བསྒྲགས་བྱས་པ་དང་། གནས་ཚུལ་དེར་སྨྱན་སྦྱོར་གྱིས་དོ་ཁུར་ཆེན་པོ་བྱས་ཡོད།
ཧེ་ལུང་ཅང་ཞིང་ཆེན་དང་ཅི་ལིན་ཞིང་ཆེན་གྱིས་དེ་གོང་སྐམ་སའི་སྐྱེལ་འདྲེན་བརྒྱུད་ལེའོ་ཉིང་ཏ་ལེན་དང་ཡིང་ཁོའུ་སོགས་ཀྱི་གྲུ་ཁར་སྐྱེལ་འདྲེན་བྱས་ན་མ་གཏོགས་མཚོ་ཐོག་སྐྱེལ་འདྲེན་ཐུབ་ཀྱི་མེད། ཡིན་ནའང་། བྱ་ཐབས་གསར་པ་ལག་ལེན་བསྟར་རྗེས་ཧེ་ལུང་ཅང་ཞིང་ཆེན་དང་ཅི་ལིན་ཞིང་ཆེན་གཉིས་ཀྱི་སྐམ་ལམ་ནས་མཚོ་ཐོག་ཏུ་གཏོང་བའི་བར་ཐག་ཧ་ཅང་ཐུང་དུ་འགྲོ་ཡི་ཡོད་པ་མ་ཟད། ད་དུང་ཞིང་ཆེན་གཉིས་ཀྱི་བཟོ་སྐྲུན་ལས་རིགས་ཀྱི་འགྲན་རྩོད་ནུས་པའང་མངོན་གསལ་དོད་པོས་ཆེ་རུ་འགྲོ་ཡི་ཡོད་པ་རེད།
ཀྲུང་གོའི་སྨྱན་སྦྱོར་གྱིས་ཧྲང་ཧའེ་ཡི་ཟོག་འདྲེན་ཚབ་གཉེར་བ་བསླབ་པ་རྒན་གྲས་ཤིག་གི་སྐད་ཆ་དྲངས་ནས་བསྟན་དོན། རྒྱལ་ཕྱིའི་གྲུ་ཁ་སྤྱད་དེ་བྱང་ཤར་གྱི་དངོས་ཟོག་ལྷོ་ཕྱོགས་སུ་དབོར་ན་མ་གནས་ཉུང་དུ་འགྲོ་བ་མ་ཟད། ཀྲུང་གོ་དང་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་འབྲེལ་བ་ཟབ་ཏུ་འགྲོ་བར་ཡང་ཕན་ཐོགས་ཡོད།
དབྱེ་ཞིབ་བྱས་པ་བརྒྱུད། ཧྥུའུ་ལཱ་ཏི་ཝོ་སི་ཐོ་ཁེ་ནི་ཨེ་ཤེ་ཡ་བྱང་ཤར་རྒྱུད་ཀྱི་ཀྲུང་གོ་དང་། ཁྲའོ་ཞན། རི་པིན། ཨུ་རུ་སུ་བཅས་རྒྱལ་ཁབ་བཞིའི་འབྲེལ་མཚམས་སུ་གནས་པ་དང་དེ་ནི་འགྲིམ་འགྲུལ་གྱི་ལྟེ་བའི་ཁུལ་ཞིག་རེད། ཨུ་རུ་སུ་རྒྱང་ཤར་ས་ཁུལ་སྒོ་མོ་ཕྱེ་བ་དེས་ཀྲུང་གོའི་བྱང་ཤར་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་ཐེབས་སྲིད།
—— སིང་ཀ་ཕོར་གྱི《མཉམ་འབྲེལ་ཞོགས་པའི་ཚགས་པར》ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།