མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་འཛམ་གླིང་ས་གཤིས་སྤྱི་གླིང་18གསར་དུ་དམིགས་འཛུགས་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཕ་རི་སི་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ལག་བསྟར་ཅུས་ཀྱིས་ས་གཤིས་སྤྱི་གླིང་18འཛམ་གླིང་ས་གཤིས་སྤྱི་གླིང་གི་དྲ་རྒྱར་ཞུགས་རྒྱུའི་ཆོག་མཆན་སྤྲད་པ་དང་། དེས་རྐྱེན་པས་འཛམ་གླིང་ས་གཤིས་སྤྱི་གླིང་གི་དྲ་རྒྱའི་ཁོངས་མིའི་བསྡོམས་འབོར་195ཟིན་ནས་རྒྱལ་ཁབ་48ལ་ཁྱབ་ཡོད་པ་རེད།
“མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་འཛམ་གླིང་ས་གཤིས་སྤྱི་གླིང”གི་མཚོན་རྟགས་2015ལོར་བཙུགས་ཤིང་། རྒྱལ་སྤྱིའི་དོན་སྙིང་གལ་ཆེན་ལྡན་པའི་ས་གཤིས་ཤུལ་བཞག་ངོས་འཛིན་བྱེད་པར་སྤྱོད་ཀྱི་ཡོད་པ་དེས་ས་གཤིས་ཤུལ་བཞག་གལ་ཆེན་སྲུང་སྐྱོང་དང་། སྤྱི་དམངས་ལ་དྲིལ་བསྒྲགས། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་བཅས་ཀྱི་བྱེད་ཕྱོགས་དོན་འཁྱོལ་དང་ཟུང་འབྲེལ་གྱིས་ས་གནས་དེ་གའི་སྡེ་ཁུལ་ལ་ཞབས་འདེགས་ཞུ་རྒྱུར་ཕན་ཐོགས་ཡོད་པ་རེད།
ད་ཐེངས་གསར་དུ་འཕར་བའི་འཛམ་གླིང་ས་གཤིས་སྤྱི་གླིང་གི་དྲ་རྒྱའི་ཁོངས་མིའི་ནང་ཧིན་རྡུ་ཉི་ཞི་ཡ་ནས་4དང་། པར་ཙིར་དང་དབྱི་རན་སོ་སོ་ནས་2 ཀེ་རི་སེ་དང་། རི་པིན། མ་ལེ་ཞི་ཡ། ནེའུ་ཙི་ལན། ནོར་ཝེ། ཧྥི་ལི་ཕིན། ཧན་གོ སི་ཕེན། ཐེ་ལན། དབྱིན་ཇི་བཅས་སོ་སོ་ནས་1རེ་ཡོད་པ་དང་། ད་ཐེངས་ཁོངས་མི་མང་དུ་བཏང་བ་དེས་ནེའུ་ཙི་ལན་དང་ཧྥི་ལི་ཕིན་དྲ་རྒྱ་དེའི་ནང་ཞུགས་རྒྱུ་བྱུང་ཡོད་པ་རེད། འཛམ་གླིང་ས་གཤིས་སྤྱི་གླིང་གི་དྲ་རྒྱའི་ཁོངས་མིའི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་48.6ལྷག་ཙམ་ཟིན་གྱི་ཡོད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། འཛམ་གླིང་ས་གཤིས་སྤྱི་གླིང་གི་དྲ་རྒྱའི་ཁྲོད་ཀྲུང་གོས་ནུས་པ་གལ་ཆེན་འདོན་བཞིན་ཡོད་པ་དང་། མིག་སྔར་འཛམ་གླིང་ས་གཤིས་སྤྱི་གླིང་41ཡོད་པ་དང་གྲངས་འབོར་ཨང་དང་པོར་སླེབས་ཡོད་པ་རེད།