ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་འགོ་ཚུགས་ལོར། ལྗོངས་ཡོངས་སུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་ནས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ། རྒྱང་ལམ་གསར་པར་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་ཀྱི་དུས་སུ་ང་ཚོས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་72འཁོར་བ་བསུས་ཡོད།
ལོ་72གོང་། ཀྲུང་དབྱང་མི་དམངས་སྲིད་གཞུང་དང་དེ་སྔའི་བོད་ས་གནས་སྲིད་གཞུང་གིས་པེ་ཅིང་དུ《བོད་ཞི་བས་བཅིངས་བཀྲོལ་འབྱུང་ཐབས་སྐོར་གྱི་ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་གི་གྲོས་མཐུན》ལ་མིང་རྟགས་བཀོད་ནས་བོད་ཞི་བས་བཅིངས་འགྲོལ་བཏང་བ་ཁྱབ་བསྒྲགས་བྱས་པས། བོད་འདི་ཉིད་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་དང་འཆིང་རྒྱ་ལས་ཐར་ནས་བོད་ཀྱི་ལོ་རྒྱུས་ཀྱི་སྲིད་ལོ་གསར་པ་བཏོད་ཡོད། འདི་ནི་ཀྲུང་གོ་མི་དམངས་ཀྱི་བཅིངས་འགྲོལ་བྱ་གཞག་དང་མེས་རྒྱལ་གཅིག་གྱུར་བྱ་གཞག་གི་རྒྱལ་ཁ་རླབས་པོ་ཆེ་དང་། བོད་ལྗོངས་མུན་ནག་ནས་འོད་ཟེར་ཕྱོགས་སུ་སྐྱོད་པའི་ཁ་ཕྱོགས་འགྱུར་མཚམས་རླབས་པོ་ཆེ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་འཚོ་བ་གསར་པ་སྐྱེལ་རྒྱུ་བྱུང་བའི་ལོ་རྒྱུས་ཀྱི་འགོ་འཛུགས་ས་བཅས་རེད། ཞི་བས་བཅིངས་འགྲོལ་བཏང་བ་འགོ་འཛུགས་སར་བྱས་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཐོག་མཐའ་བར་གསུམ་དུ་ཏང་གིས་ཁྲིད་སྟོན་གནང་བའི་ཡང་དག་པའི་ཁ་ཕྱོགས་བརྒྱུད་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ཏེ། དམངས་གཙོའི་བཅོས་སྒྱུར་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཛུགས་པ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་བསྟར་བྱེད་པ། སྒྱུར་བཅོས་སྒོ་དབྱེ་དང་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་བཅས་བྱས་ནས། ལན་བརྒྱ་ཕམ་རུང་དཔའ་མི་ཞུམ་པ་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པའི་ལོ་རྒྱུས་ཀྱི་འཆར་གཞི་བཀོད་པ་དང་། རི་ཀླུང་ཟིལ་གྱིས་ནོན་པ་དང་གནམ་སྒྱུར་ས་བརྗེས་ཀྱི་བརྗིད་ཆེའི་ལོ་རྒྱུས་སྙན་ངག་བརྩམས་ཏེ་ཏན་ཏན་ཏིག་ཏིག་སྒོ་ནས“དུས་ཐུང་ལོ་བཅུ་ཕྲག་ཁ་ཤས་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་ལྟ་བུའི”མི་ཡུལ་གྱི་བྱས་རྗེས་ངོ་མཚར་ཅན་བཏོད་ཡོད།
མདུན་སྐྱོད་ཀྱི་དཀའ་ངལ་མཐའ་དག་བསལ་བའི་སྤྱིར་བཏང་མིན་པའི་ལོ་ཟླར་ཕྱིར་མིག་ལྟ་བ་དང་། ཟིལ་རླབས་དགུང་འཕྱུར་གྱི་རྒྱང་ལམ་རླབས་པོ་ཆེར་ཞུགས་ཏེ། ཕུགས་འདུན་མངོན་འགྱུར་ཐུབ་རེ་ཡོད་པའི་འོད་སྟོང་འཕྲོ་བའི་མདུན་ལམ་ལ་རྒྱང་ལྟ་བྱས་ཚེ། བདེན་དོན་རླབས་པོ་ཆེ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཁྲག་རྒྱུན་དང་མཉམ་འདྲེས་གཏིང་ཟབ་བྱུང་བ་ལོ་རྒྱུས་དང་ལག་ལེན་ལས་ར་འཕྲོད་ཐུབ་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་མཐའ་འཁྱོངས་བཅས་བྱས་ཚེ། གཞི་ནས་བོད་ལྗོངས་དར་རྒྱས་ཡར་ཐོན་ཡོང་བ་དང་། གཞི་ནས་དེ་བས་མཛེས་སྡུག་ལྡན་པའི་བོད་ཀྱི་འབྱུང་འགྱུར་གཏོད་ཐུབ་ངེས་རེད།
མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་སྐྲུན་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་དགོས། དུས་རབས་གསར་པར་སླེབས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་བོད་ལ་ཐུགས་བསམ་བཞེས་པ་དང་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་བརྩེ་སེམས་བཅངས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བོད་ཀྱི་ལས་དོན་ལ་ཁ་སྒྱུར་ཕྱོགས་སྟོན་དང་འཐབ་འགོད་ཇུས་འདོན་གནང་སྟེ་ང་ཚོར་ཡུན་རིང་ཐག་གཅོད་བྱེད་འདོད་ཀྱང་ཐག་གཅོད་མ་ཐུབ་པའི་དཀའ་གནད་མང་པོ་ཞིག་ཐག་གཅོད་གནང་བ་དང་། དེ་སྔ་སྒྲུབ་འདོད་ཡོད་ཀྱང་སྒྲུབ་མ་ཐུབ་པའི་དོན་ཆེན་མང་པོ་ཞིག་བསྒྲུབས་ནས་བོད་ཀྱི་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་གནང་ཡོད། ད་ཆའི་བོད་ལྗོངས་ཀྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་དང་། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས། རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་བཅས་བློ་བརྟན་འགྱུར་མེད་ངང་འཛུགས་གཏོད་བྱས་པ་བརྒྱུད་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད། མི་རིགས་ཁག་གི་བུ་ཕྲུག་ཁྲི་ཚོ་360ལྷག་ཙམ་ལ་ཐུན་མོང་གི་བསམ་འདུན་ཞིག་ཡོད་པ་སྟེ། འདི་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ཚན་རིག་དང་མཐུན་པའི་སྣེ་ཁྲིད། ལྗོངས་ཏང་ཨུད་ཀྱིས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་འབད་འཐབ་ལྷོད་མེད་བྱས་པ་བཅས་ལས། ང་ཚོས་བདེན་དོན་གྱི་འོད་ཟེར་ལ་བརྟེན་ནས་འབད་འཐབ་ཀྱི་ལམ་བུ་གསལ་པོ་མཐོང་བ་དང་། བསྐྱར་དར་གྱི་བློ་སྟོབས་ལ་བརྟེན་ནས་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་བ། དངོས་སྒྲུབ་ཀྱི་སྤྱོད་ཚུལ་ལ་བརྟེན་ནས་འོད་སྟོང་འཕྲོ་བའི་ལོ་རྒྱུས་མུ་མཐུད་རྩོམ་པ་བཅས་བྱས་ཏེ། སྔ་འཛིན་ཕྱི་གཏོད་བྱེད་རིང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་པའི་ངོ་མཚར་ཆེ་བའི་རྒྱུགས་ལན་ཞིག་འབྲི་ཐུབ་ངེས་ཡིན་པ་འདི་རེད།
འབྱོར་བ་མཐའ་དག་ལས་རྡོག་ཐོན་གསར་པ་མཚོན་ཞིང་། འབད་འཐབ་མཐའ་དག་ལས་རེ་འདོད་གསར་པ་མཚོན་གྱི་ཡོད། ད་ཆའི་ཀྲུང་གོ་འཛམ་གླིང་གི་ལོ་བརྒྱར་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོའི་ཁྲོད་དུ་གནས་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་འགག་རྩའི་དུས་སྐབས་སུ་སླེབས་ཡོད་པས། བོད་ཀྱི་ལས་དོན་ལ་འཕྲད་པའི་དུས་བབ་དང་ལས་འགན་ལ་འགྱུར་ལྡོག་གཏིང་ཟབ་ཕྱིན་ཡོད།
དེང་གི་དུས་སུ། ང་ཚོས་ལྷག་པར་དུ་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལོན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་ལེན་བསྟར་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བཅས་བྱས་ནས། ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་བོད་དུ་དོན་འཁྱོལ་ཏན་ཏིག་ཡོང་བའི་འགན་ལེན་བྱེད་དགོས།
དུས་སྐབས་འདི་འདྲར། ང་ཚོས་ལྷག་པར་དུ་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པར་བཀོད་པའི་བརྗིད་ཆེའི་འཆར་གཞི་གཞིར་བཟུང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པར་བཀོད་སྒྲིག་བྱས་པའི་ལས་ཀའི་ལས་འགན་ལ་སྐུལ་འདེད་ཏན་ཏིག་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”མཐའ་འཁྱོངས། བླ་ན་མེད་པའི་ལོ་རྒྱུས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་བ། དད་མོས་དང་། དད་སེམས། ཡིད་ཆེས་བརྟན་དུ་གཏོང་བ་བཅས་བྱས་ཏེ“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞི”ལག་ལེན་སྟར་རིང་ཏང་དང་། མི་དམངས། དུས་རབས་བཅས་ལ་ངོ་གནོང་མི་དགོས་པའི་བྱས་རྗེས་གསར་པ་གཏོད་དགོས།
ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་སྐྲུན་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བོད་ཀྱི་ལེའུ་ཡག་པོ་རྩོམ་པ་བཅས་བྱེད་པར། ང་ཚོ་དཔའ་སྟོབས་ཆེ་ཞིང་ཕུགས་བསམ་ལྡན་པ་དང་རིག་པ་གསལ་ཞིང་བློ་རྩ་བརྟན་པོ་ཡོད། གྲུ་གཡོར་བསྒྲེངས་ནས་གྲུ་གཟིངས་གཏོང་སྐབས། ང་ཚོ་དེ་བས་རྒྱང་ལམ་རླབས་པོ་ཆེར་སྐྱོད་བཞིན་ཡོད་པ་དང་། དུས་བབ་དང་བསྟུན་ནས་མདུན་དུ་བསྐྱོད་ཚེ་ང་ཚོས་དེ་བས་རྒྱལ་ཁ་རླབས་ཆེ་བ་ལེན་ཐུབ་ངེས་རེད།